དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་མོང་ཁྲེ་ནེ་ཀེ་རུ་ཡི་ཙུང་ཐུང་སྨི་ལཱ་ཐོ་ཝེ་ཆི་ཡིས་ཀྲུང་མོང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-08

    ཟླ་7ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་ཁྲེ་ནེ་ཀེ་རུ་ཡི་ཙུང་ཐུང་སྨི་ལཱ་ཐོ་ཝེ་ཆི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་མོང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་20སོང་ཚུན། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཡོང་བར་བྱས་ཏེ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་ཕན་ཚུན་མཛའ་མཐུན་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་མིག་དཔེ་བཏོད་ཡོད། ངས་ཙུང་ཐུང་སྨི་ལཱ་ཐོ་ཝེ་ཆི་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ཏེ། སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དར་སྤེལ་དང་། གཉིས་ཕན་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཀྲུང་གོ་དང་མོང་ཁྲེ་ནེ་ཀེ་རུ་ཡི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    སྨི་ལཱ་ཐོ་ཝེ་ཆི་ཡིས་གསུངས་དོན། མོང་ཀྲུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱེད་པའི་རྨང་གཞིའི་ཐོག་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད། མོང་ཁྲེ་ནེ་ཀེ་རུས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བ་གོ་སྐབས་སུ་བྱས་ཏེ། མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།