གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ནས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པའི་མཐོ་ཚད་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་གཟིགས་གནང་སྟེ་ནན་བཤད་གནང་དོན། “དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ནས། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད”
ལོ་ངོ་105ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྗོད་དོན་གཙོ་བོ་འདིར་དམིགས་ནས། འགྲོ་ལམ་རླབས་པོ་ཆེ་གཏོད་པ་དང་། མཛད་རྗེས་རླབས་པོ་ཆེ་འཇོག་པ། སྙིང་སྟོབས་རླབས་པོ་ཆེ་གཏོད་པ། ཉམས་མྱོང་རྩ་ཆེན་གསོག་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལོ་རྒྱུས་ཐོག་བརྗིད་ཆགས་ཤིང་ཡིད་དུ་འོང་བའི་ལེའུ་བརྩམས་ཡོད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད། མི་རིགས་བསྐྱར་དར་དང་བར་ཐག་ཇི་ཙམ་ཉེ་ན་དེ་ཙམ་གྱིས་ཐོགས་མེད་བདེ་བགྲོད་ཡོང་མི་སྲིད་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་པ་དང་། ཐ་ན་དཀའ་ངལ་དེ་བས་ཆེ་བ་འཕྲད་སྲིད། ང་ཚོར་འཕྲད་པའི་འཐབ་རྩོད་སྣ་ཚོགས་ནི་གནས་སྐབས་ཙམ་མིན་པར་ཡུན་རིང་ཞིག་ཡིན་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་འགྲོགས་ངེས་ཡིན་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ།
“ངེས་པར་དུ་ཏང་གི་རྩ་བའི་རིགས་པའི་གཞུང་ལུགས་དང་། རྩ་བའི་ལམ་ཕྱོགས། རྩ་བའི་མཛད་ཕྱོགས་བཅས་མཐའ་འཁྱོངས་བྱེད་དགོས” “ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་དགོས” “ངེས་པར་དུ་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་དགོས” “ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས” “ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་བྱེད་དགོས་པ་ལྔའི”བླང་བྱ་ཁ་གསལ་བཏོན་གནང་སྟེ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ཚན་རིག་དང་མཐུན་པའི་སྟངས་འཛིན་གནང་བས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་ཕྱིན་ཏེ། རྒྱང་ལམ་གསར་པར་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ཀྱིས་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱེད་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད།
མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་མཁན་གྱི་རྩ་བའི་སྟོབས་ཤུཌ་རེད།
ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་བཙུགས་པས། རང་རེའི་ཏང་ལ་ཐོག་མཐའ་བར་གསུམ་དུ་རྨང་གཞི་བརྟན་པོ་ཡོད། ས་ཞིང་གསར་བརྗེའི་དམག་འཁྲུག་སྐབས“བཟོ་པ་དང་ཞིང་པ་ཁྲི་སྟོང་མང་པོས་བློ་སེམས་གཅིག་མཐུན་གྱིས་འབད་འཐབ་བྱེད་པ”ནས་རི་འགོག་དམག་འཁྲུག་སྐབས“དགྲ་བོ་རྩ་མེད་དུ་བཏང་བའི”བར་དང་། མང་ཚོགས་ཁྲི་ཕྲག་མང་པོས་གཡང་གཟར་བྲག་ངོས་སུ“མཁའ་དབྱིངས་གཙང་པོའི”དར་དམར་ཆུ་ཡུར་བསྐྲུན་པ་ནས་ཞའོ་ཀང་གྲོང་ཚོའི་ཡུལ་མིས་མཛུབ་ཐེལ་དམར་པོ་བརྒྱབ་ནས་གྲོང་གསེབ་སྒྱུར་བཅོས་བྱེད་འགོ་ཚུགས་པའི་བར་སོགས། ལོ་རྒྱུས་ཀྱི་ཟློས་གར་རླབས་པོ་ཆེ་ནི་མི་དམངས་མང་ཚོགས་དུང་ཕྱུར་མང་པོས་གཙོ་འཁྲབ་བྱས་པ་ཞིག་དང་། གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་ནས་བཏོད་པ་ཞིག་རེད།
དུས་རབས་གསར་པ་ཚུན་དུ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་དང་ཏང་ཡོངས་སྐུལ་སློང་བྱས་ནས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་བྱེད་པ་ཁྲི་300ལྷག་ཙམ་གྱིས་འཐབ་ས་དང་པོར་གདོང་མཆོང་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་སེལ་བ། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་དང་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་འཛེག་ཕོད་པ་བཅས་བྱས་པས། ཡངས་ཤིང་རྒྱ་ཆེ་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཀྲུང་གོ་མི་དམངས་ཀྱི་དཔའ་སྟོབས་མངོན་ཡོད།
རང་རེའི་ཏང་འདི་ཉིད་འཁོས་ཞན་སྟོབས་ཆུང་ནས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་ཐུབ་པ་དང་། དཀའ་ཉེན་མང་པོའི་ཁྲོད་ནས་ཡང་ཡང་བསྲེགས་བཅད་འོད་འཚེར་ཐུབ་པ། སེལ་ཐབས་བྲལ་བའི་དཀའ་ཉེན་མང་པོ་སེལ་ཐུབ་པ་དང་མི་རྣམས་ཀྱིས་ལྟ་སྟངས་བཟང་པོ་འཛིན་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་ཐུབ་དོན་གང་ཡིན་ནམ།
དེའི་རྩ་བའི་རྒྱུ་རྐྱེན་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་ལས། མི་དམངས་ཀྱི་སེམས་གཏིང་གི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པས་རེད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བྱ་གཞག་རེད། རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ཀྱིས་མི་དམངས་དང་མཉམ་དུ་ལངས་པ་དང་། མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ། མི་དམངས་དང་མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ནས། ཏང་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེར་སྐྱེད་དང་། མི་དམངས་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་པས། རང་རེའི་ཏང་ལ་དཀའ་ངལ་གང་ཞིག་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ་པའི་རྨང་གཞི་བརྟན་པོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཆེས་བློས་འགེལ་ཆོག་པ་དང་། ཆེས་བརྟན་པ། ཆེས་ཡུན་རིང་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་བྱུང་བ་ཡིན།
“རང་ངོས་སྟོབས་ཆེར་གཏོང་བར་མཐོང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ལྡན་པ”ནི་རང་རེའི་ཏང་གི་ཕུལ་དུ་བྱུང་བའི་ཁྱད་ཡོན་ཡིན། “ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་རྩ་དོན་དང་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ”ནི་ཏང་འཛུགས་རྒྱལ་འཛུགས་དང་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཐབས་མཆོག་གལ་ཆེན་ཞིག་རེད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པ་ནས་ཏང་ནང་ཁུལ་དུ་གཅིག་སྡུད་སློབ་གསོ་རྒྱུན་མཐུད་སྤེལ་བའི་བར་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི“གདུང་བཞི་ཀ་བརྒྱད”འཛུགས་པ་ནས་ལོ་རྒྱུས་སུ་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བའི་བར་སོགས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་བསྐྲུན་ཏེ། ལོ་བརྒྱའི་ཏང་ཆེན་པོས་ཏང་ལ་དོ་དམ་དང་ཏང་སྐྱོང་བ་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་གནས་ཚད་གསར་པ་བཏོད་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་དང་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཚེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བའི་འགན་ལེན་ཏན་ཏིག་ཐུབ་སྟེ། ཀྲུང་ཧྭ་བསྐྱར་དར་རྟགས་ཅན་གྱི་གཟིངས་ཆེན་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁྲིད་སྟོན་དང་འགན་སྲུང་བྱེད་ཐུབ།
དཀའ་སྡུག་དང་འོད་སྟོང་འབར་བའི་སྔོན་ཆད་བརྒྱུད་ནས་འོད་ཟེར་སྟོང་ལྡན་གྱི་རླབས་ཆེན་གྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་ཅིང་། ད་ཆ། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ཐག་དེ་བས་ཉེ་བ་དང་གདེང་ཚོད་དང་ནུས་པ་དེ་བས་ཆེ་བ་ཡོད།
འགྲོ་ལམ་མི་འགྱུར་བ་དང་བློ་སྟོབས་མི་འགྱུར་བའི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ། སྔ་འཛིན་ཕྱི་གཏོད་དང་གཞུང་འཁྱོངས་གསར་འབྱེད་བཅས་བྱས་ཚེ། ང་ཚོས་རྒྱང་ལ་ལྟ་བའི་མིག་ཟུང་སྤྲིན་ནག་གིས་སྒྲིབ་པར་མི་སྐྲག་པ་དང་རླུང་བརྟེན་རླབས་གཤག་ཁྲོད་ལམ་ནོར་མི་ཐེབས་པ་བྱེད་ཐུབ།
རྒྱང་ལམ་གསར་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“སྲ་ཞིང་མཁྲེགས་པའི་ངར་ལྕགས”བཞིན་དུ་མཐུན་སྒྲིལ་བྱས་ནས་བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་བསྒྲིལ་ཚེ། འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་གཏོད་ཐུབ་པ་དང་། བརྗིད་ཆེའི་ཕུགས་འདུན་དེ་ཉིད་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།