དྲ་ཐོག་ཚོང་དོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཚོང་དོན་པུའུ་ཡིས་ཞིབ་འཇུག་བྱས་ནས་བཀོད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་ཐོག་ཚོང་དོན་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》ལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱེད་འགོ་ཚུགས་པ་རེད།
བཟོ་བཅོས་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་དེར་ཁྱོན་དོན་ཚན་ཉི་ཤུ་ཡོད་པ་དང་ནང་དོན་གཙོ་བོ་ཕྱོགས་ལྔ་ཚུད་པ་སྟེ། གཅིག་ནས་བཅའ་ཁྲིམས་ལེགས་སྒྲིག་གི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མིག་སྔའི་ལས་སྟེགས་དང་ལས་སྟེགས་ནང་ཁུལ་གྱི་གཉེར་སྐྱོང་བའི་རྨང་གཞིའི་ཐོག་ལས་སྟེགས་དཔལ་འབྱོར་ལ་ཞུགས་མཁན་བྱེད་པོ་གཞན་གྱི་དབང་ཆ་དང་འོས་འགན་སྔར་བས་ཁ་གསལ་བཟོ་རྒྱུ་དང་། གཉིས་ནས་ལས་སྟེགས་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། མིག་སྔའི་བཅད་གྲངས་ཀྱི་དངུལ་ཆད་དང་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་བཅུག་པའི་རྨང་གཞིའི་ཐོག སྒྲིག་སྲོལ་དང་བྱེད་ཐབས་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱུན་རྣམ་ཅན་གྱི་ལྟ་འདོམས་ལ་འདེགས་སྐྱོར་བྱ་རྒྱུ། གསུམ་ནས་ལྟ་འདོམས་མཉམ་ཤུགས་ཀྱི་ལས་ཀའི་ལམ་སྲོལ་ཁ་གསལ་བཟོ་རྒྱུ་ཡིན་ཞིང་། ལས་སྟེགས་དཔལ་འབྱོར་གྱི་ས་སྒྲོལ་ལས་རིགས་མཉམ་བསྲེས་གཉེར་སྐྱོང་ལ་དམིགས་ཏེ་དྲ་ཐོག་དང་དྲ་ཕྱིའི་ལས་སྒོའི་ཁོངས་གཏོགས་ཀྱི་དོ་དམ་གཅིག་མཐུན་རྩ་དོན་བསྣན་ནས། སྡེ་ཚན་མཉམ་འགུལ་དང་ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་གྱི་གཞི་གཅིག་ཅན་གྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་དྲ་ཐོག་ཚོང་དོན་གྱི་མངོན་གསལ་དོད་པའི་ཁྲིམས་འགལ་བྱེད་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་ཡིན་ཞིང་། ལག་ལེན་ཁྲོད་མང་ཚོགས་ཀྱི་ལབ་གླེང་མང་བའི་གནད་དོན་ལ་དམིགས་ནས། དེ་མཚུངས་ཀྱི་དོན་ཚན་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པར་ལན་ཏན་ཏིག་རྒྱག་རྒྱུ། ལྔ་ནས་དྲ་ཐོག་ཚོང་དོན་གྱི་སྒོ་དབྱེའི་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། དྲ་ཐོག་ཚོང་དོན་གྱི་ཁྱབ་ཁོངས་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་བཅས་རྒྱལ་སྤྱི་དང་ཕན་ཚུན་མཐུན་སྦྱོར་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ལས་རིགས་རང་གཅུན་ལ་ཤུགས་སྣོན་རྒྱག་པ། གོ་རིམ་ལྡན་པའི་ངང་མཚོ་སྒྲོལ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཕྱི་ཕྱོགས་ལ་ཟློག་ལན་སློག་པའི་བྱེད་ཐབས་མང་དུ་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།