“ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡོད”
—— པར་ཙིར་གྱི་247གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ལའེ་ཨང་ནཱ་ཏུའོ·ཨ་ཐུའུ་ཧྲེན་ལ་བཅར་འདྲི་ཞུས་པ།

ཉིན་ཤས་གོང་། པར་ཙིར་གྱི་247གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ལའེ་ཨང་ནཱ་ཏུའོ·ཨ་ཐུའུ་ཧྲེན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་དཔལ་འབྱོར་འཕར་སྣོན་བྱུང་བའི་གྲངས་གཞི་ལས་མངོན་པ་མ་ཟད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་བ་དང་སྤྱི་ཚོགས་ཡོངས་ནས་མངོན་པའི་གདེང་ཚོད་དང་གསོན་ཤུགས་ནས་དེ་བས་ཀྱང་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་དོན་དངོས་ནས་འགོ་བཙུགས་ཏེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ལ་རྒྱུན་ཆད་མེད་པར་ཕན་པ་དེ་བས་མང་བ་འདྲ་མཉམ་ངང་ཐོབ་པ་དང་། དུས་མཚུངས་སུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད”ཅེས་བརྗོད།
པར་ཙིར་གྱི་སྨྱན་སྦྱོར་བ་གྲགས་ཅན་དང་རྒྱལ་སྤྱིའི་གནད་དོན་གྱི་ལྟ་ཞིབ་པ་ཡིན་པའི་ངོས་ནས་ཨ་ཐུའུ་ཧྲེན་ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཐེངས་མང་ཡོང་ཡོད། ན་ནིང་ཚུན་དུ་ཁོང་ཀྲུང་གོར་ཐེངས་5ཡོང་སྟེ་པེ་ཅིང་དང་། ཧྲང་ཧའེ། ཧུའུ་པེ། ཨའོ་མོན་སོགས་སུ་བསྐྱོད་ཅིང་། ད་ལོའི་ཟླ་6པར། ཁོང་གི་ཉེ་དུས་ཀྱི་ཀྲུང་གོའི་འགྲུལ་བཞུད་མཇུག་འགྲིལ་མ་ཐག་རེད། བཅར་འདྲི་དང་ས་ཡུལ་དངོས་ཀྱི་འདྲི་རྟོག་གཏིང་ཟབ་རེ་རེ་བྱས་པ་བརྒྱུད། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འདུ་ཤེས་ལ་རྒྱུས་མངའ་དེ་བས་གཏིང་ཟབ་ལོན་ཡོད།
ཨ་ཐུའུ་ཧྲེན་གྱིས“ཀྲུང་གོ་འདི་ཉིད་ངས་དོ་ཁུར་ཆེ་ཤོས་བྱེད་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ཀྲུང་གོར་ཡོང་རིམ་བཞིན་བློ་སྐྱེད་གསར་པ་ཡོང་གི་འདུག”ཅེས་བརྗོད། ཁོང་ལ་བག་ཆགས་ཟབ་ཤོས་ཤིག་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་སྟེ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་གྲངས་འཛིན་ལག་རྩལ་བཀོལ་སྤྱོད་རྒྱ་ཁྱབ་བྱེད་པའི་བར་དང་། སྟབས་བདེ་ལ་ནུས་ཕྱོད་ཆེ་བའི་འགྲིམ་འགྲུལ་མ་ལག་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གསར་གཏོད་ཀྱི་ཁོར་ཡུག་བར། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་དམངས་ཚོགས་ཀྱི་རྒྱུན་གཏན་འཚོ་བར་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་པ་དེ་རེད།
ཨ་ཐུའུ་ཧྲེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བློ་སྒོ་ཕྱེ་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་དུས་ཡུན་རིང་པོར་སྲིད་བསྐྱངས་པ་མ་ཟད་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པའི་འགག་རྩ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པར་ཐུག་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལེགས་ཆ་གལ་ཆེན་གཞན་ཞིག་ནི། དུས་ཡུན་རིང་པོའི་འཆར་འགོད་དང་རྒྱུན་མཐུད་ལག་བསྟར་ཟུང་འབྲེལ་ནུས་ལྡན་གྱིས་གཏན་འཁེལ་ཟིན་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དེ་རེད”ཅེས་བརྗོད།
ཨ་ཐུའུ་ཧྲེན་གྱིས། “ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་། ཚན་རྩལ་གསར་གཏོད་ལ་ཟམ་མི་ཆད་པར་ཚད་བརྒལ་བྱུང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་ལས་དམངས་ཚོགས་ལ་འཕེལ་རྒྱས་ཀྱི་གདེང་ཚོད་དང་ཐོབ་སྣང་དེ་བས་ཆེ་བ་བྱུང་ཡོད། སྲིད་ཏང་ཞིག་གིས་ཐོག་མཐའ་བར་གསུམ་དུ་རྩ་བ་མི་དམངས་ཁྲོད་དུ་ཚུགས་པ་དང་དུས་རབས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་རྒྱུན་ཆད་མེད་པར་བསྟུན་ཚེ། གཞི་ནས་མི་དམངས་ཀྱི་ཡིད་ཆེས་ཟམ་མི་ཆད་པར་ཐོབ་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་འཕེལ་ཤུགས་ཀྱང་རྒྱུན་མཐུད་འཕེལ་ཐུབ”ཅེས་བརྗོད།
ཨ་ཐུའུ་ཧྲེན་གྱིས་བལྟས་ན། དེང་སྐབས་འཛམ་གླིང་ནི་ཡོ་ལང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པར་སླེབས་ཡོད་པས། རྒྱལ་ཁབ་ཁག་གིས་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་ཀྱང་མཉམ་ལས་ལ་དེ་བས་ཤུགས་སྣོན་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས་ཀྱི་ཡོད། ཁོང་གིས་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་བཏང་བར་ཚད་མཐོའི་ཁས་ལེན་བྱས་པ་མ་ཟད། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་པའི་བྱ་ཐབས་གལ་ཆེན་མཁོ་འདོན་བྱས་པ་དང་། དེ་ལས་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།