ཀྲུང་གོས་ཨ་ཧྥེ་རི་ཁར་ཨེ་པོ་ལའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་རོགས་སྐྱོར་བྱས་པ།

འདི་ནི་ཟླ་7ཚེས་3ཉིན། ཁོང་ཀོ(ཅིན)འཕྲོད་བསྟེན་པུའི་འཐུས་མི་ལུའུ་ཁུའུ·མ་ལིའུ་སི(དཀྱིལ)ཡིས་ཁོང་ཀོ(ཅིན)ཡི་རྒྱལ་ས་ཁེན་ཧྲ་ས་གནམ་ཐང་དུ་ཀྲུང་གོའི་ཨེ་པོ་ལའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་གཉིས་པ་སླེབས་པར་དགའ་བསུ་ཞུ་བཞིན་པ།
མིག་སྔར། ཨ་ཧྥེ་རི་ཁའི་ཨེ་པོ་ལའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བར་བརྟེན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་11ཉེན་ཁ་ཆེ་བའི་ས་ཁོངས་སུ་གཏན་འཁེལ་བྱས་ཡོད། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན། ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་གཉིས་པ་ཁོང་ཀོ(ཅིན)ཡི་རྒྱལ་ས་ཁེན་ཧྲ་སར་འབྱོར་ནས། རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་དང་པོའི་ལས་ཀའི་རྒྱུན་བསྐྱངས་ཏེ་ཨེ་པོ་ལའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་མུ་མཐུད་བྱས་ཤིང་། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)དང་ཝུ་ཀན་ཏའི་ཨེ་པོ་ལའི་རིམས་ནད་མཆེད་སར་མགྱོགས་མྱུར་རོགས་སྐྱོར་བྱས་པའི་བྱ་སྤྱོད་གཞན་ཞིག་རེད།
ཁོང་ཀོ(ཅིན)རྒྱལ་ཁབ་ཏུ་སླེབས་སྔ་ཤོས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་མཁན་རྒྱལ་སྤྱིའི་ཆེད་ལས་སྟོབས་ཤུགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། ཟླ་6ཚེས་2ཉིན་རྡོག་ཐོན་བྱས་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་དང་པོས་འབྱོར་མ་ཐག་མགྱོགས་མྱུར་ལས་དོན་སྤེལ་འགོ་ཚུགས་པ་རེད། རིགས་གཅིག་མཁས་ཅན་5ཡིས་ཁོང་ཀོ་སྲིད་གཞུང་སྡེ་ཚན་ལ་ཐུག་འཕྲད་ཐེངས་མང་བྱས་པ་དང་སྨན་བཅོས་འཕྲོད་བསྟེན་ཚན་ཞིབ་སྒྲིག་གཞིར་འཚམས་འདྲི་ཐེངས་མང་བྱས་ཤིང་། ཁོང་ཀོ་རུ་བཅའ་སྡོད་རྒྱལ་ཁབ་མང་པོའི་ཕྱི་འབྲེལ་སྒྲིག་གཞི་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས། དེ་བཞིན་འབྲེལ་ཡོད་སྲིད་གཞུང་མིན་པའི་རྩ་འཛུགས་བཅས་དང་བཞུགས་མོལ་བྱས་ཏེ་ལས་ཀའི་འབྲེལ་བ་རྒྱ་ཁྱབ་ངང་བཙུགས་ནས་རིམས་ནད་ཀྱི་གནས་ཚུལ་དང་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ཨེ་པོ་ལའི་རིམས་ནད་ལ་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་དང་། ཁོང་ཀོ་རུ་བཅའ་སྡོད་ཕྱི་རྒྱལ་གྱི་རོགས་སྐྱོར་སྨན་བཅོས་རུ་ཁག་ལ་མཛུབ་ཁྲིད་བྱས་ཏེ་དམིགས་བཙུགས་སྨན་ཁང་གི་སྔོན་བཤེར་སྨན་བཅོས་དང་། དབྱེ་བཤེར། སྨན་ཁང་ནས་འགོ་མཆེད་ཚོད་འཛིན་སོགས་བརྒྱུད་རིམ་ཧྲིལ་པོའི་འཕྲལ་སྡོམ་སྔོན་ཇུས་བསྒྲུབས་པ་དང་འབྲེལ་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་ཡོད། དྲ་ཕྱིའི་འདྲི་གླེང་དང་དྲ་ཐོག་འཆད་ཁྲིད་སོགས་ལ་བརྟེན་ནས་ཁོང་ཀོ་རུ་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ཨེ་པོ་ལ་དང་འདར་ནད་སོགས་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་བསླབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། དུས་མཚུངས་སུ་ཁོང་ཀོ(ཅིན)དང་ཝུ་ཀན་ཏར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་མཐུན་སྦྱོར་གཏིང་ཟབ་བྱས་ནས། “འཐབ་ས་མདུན་མའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་འགག་སྒྲོལ་དང་ཕྱི་རྒྱལ་གྱི་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་མཐའ་ཚད་སྲུང་བ་ཟུང་དུ་འབྲེལ་བའི”མཉམ་འགུལ་བཀོད་པ་ཆགས་པར་བྱ་རྒྱུ་རེད།
ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་43ལ་རོགས་སྐྱོར་གྱི་སྨན་བཅོས་རུ་ཁག་44མངགས་གཏོང་བྱས་ཤིང་། ད་རེས་ཀྱི་རིམས་ནད་ཐོན་རྗེས་ཀྲུང་གོའི་རོགས་སྐྱོར་གྱི་སྨན་བཅོས་རུ་ཁག་ཡོངས་ཀྱིས་ལམ་སེང་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་རིམས་འགོག་ཚན་རིག་ཁྱབ་གདལ་བཏང་བ་མ་ཟད། ཡུལ་ལུང་དེ་གའི་སྨན་དོན་མི་སྣ་དང་ལྷན་དུ་མུ་མཐུད་མཉམ་ལས་བྱས་ཏེ་གཞི་རིམ་གྱི་ནད་བརྟག་སྨན་བཅོས་ནུས་པ་འཐུས་སྒོ་ཚང་དུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།