“དབྱིན་ཇི་དང་ཀྲུང་གོའི་འབྲེལ་བར་འབྲས་བུ་དེ་བས་མང་བ་འདོགས་པར་སྐུལ་འདེད་གཏོང་དགོས”
—— ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བ་ཝེ་ལེར་བཅར་འདྲི་ཞུས་པ།
ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བ་ཝེ་ལེ་ཡིས་ཉེ་ཆར་ཧྲའན་ཤིས་ཡན་ཨན་དུ་འཚམས་འདྲི་བྱས་པ་དང་འབྲེལ། ལེང་ཅ་ཧོ་རུ་བསྐྱོད་དེ་གཞུང་ཕྱོགས་ཀྱི་མིང་ཐོག་ནས་གསར་བརྗེའི་འགྲུལ་བཞུད་ལམ་དུ་སྐྱོད་མཁན་ཀྲུང་གོར་བཅའ་སྡོད་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོའི་གཞུང་ཚབ་ཆེ་མོ་བ་དང་པོར་གྱུར་ཡོད། ཁོང་གིས་འཚམས་འདྲི་བྱེད་རིང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་དང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཡན་ཨན་དུས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་འགོ་ཁྲིད་པ་གཞི་རིམ་དུ་འཚར་ལོངས་ཀྱི་ལོ་རྒྱུས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་བསམ་བློའི་ལག་ལེན་གྱི་ཡོང་ཁུངས་ཤེས་རྟོགས་བྱས་ནས། ཀྲུང་གོའི་འདས་ཟིན་པ་དང་། ད་ལྟ། མ་འོངས་བཅས་ཀྱི་འཕེལ་རྒྱས་ལ་ངོས་འཛིན་ཟབ་ཏུ་ཕྱིན་སོང་ཞེས་བརྗོད་པ་རེད།
ཝེ་ལེ་དང་ཀྲུང་གོའི་དབར་ལས་འབྲེལ་ཟབ་མོ་ཡོད་ཅིང་། ཁོང་གིས་དེ་སྔ་ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་ཁང་དུ་ལས་འགན་ཐེངས་གཉིས་འཁུར་མྱོང་བ་དང་འབྲེལ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་དུ་རྒྱ་ཡིག་སྦྱོང་མྱོང་ཡོད། ན་ནིང་གི་ཟླ་8པར་ཝེ་ལེ་ཡིས་ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེ་མོ་བའི་འགན་ཁུར། ཁོང་གི་ངོས་ནས་བརྗོད་ན། བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་རྟོགས་དང་རྒྱལ་ཁབ་དེའི་ལོ་རྒྱུས་ཀྱི་ལྟ་བ་དང་འཕེལ་རྒྱས་ཀྱི་ལྟ་བ་གསལ་པོ་ཤེས་རྒྱུ་ནི་ཕྱི་འབྲེལ་དཔོན་གྱིས་རང་འགན་གཙང་སྒྲུབ་བྱེད་པར་དགོས་ངེས་ཀྱི་ལས་དོན་ཞིག་རེད། “ད་ཐེངས་ཀྱི་འཚམས་འདྲིའི་གོ་སྐབས་ཧ་ཅང་ཐོབ་དཀའ་བ་ཞིག་ཡིན་པ་དང་། དེ་ནི་ང་ཚོས་ད་ཆའི་ཀྲུང་གོས་ཡན་ཨན་དུས་སྐབས་ཀྱི་ལོ་རྒྱུས་ལ་ལྟ་སྟངས་ཇི་ལྟར་འཛིན་མིན་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཡོད་ལ། དབྱིན་ཇི་སྲིད་གཞུང་གིས་ཀྲུང་གོའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་བརྡར་ཤ་དེ་བས་ལེགས་པ་གཅོད་རྒྱུར་ཡང་ཕན་ཐོགས་ཡོད”ཅེས་ཝེ་ལེ་ཡིས་བརྗོད།
ལེང་ཅ་ཧོ་རུ་འཚམས་འདྲི་བྱེད་རིང་། ཝེ་ལེ་ཡིས་དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཉམ་དུ་ངལ་རྩོལ་དང་འཚོ་བ་སྐྱེལ་མྱོང་བའི་ས་གནས་དེ་གའི་དམངས་ཚོགས་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེང་ཅ་ཧོ་རུ་བཞུགས་སྐབས་ཀྱི་གཞོན་ནུ་ཤེས་ཡོན་ཅན་གྱི་གཏམ་རྒྱུད་ཤེས་རྟོགས་བྱས་པ་རེད། སྐབས་དེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཕུག་ནང་སྣུམ་སྒྲོན་འོག་རྟག་ཏུ་དཔེ་དེབ་གཟིགས་གནང་བའི་ལོ་རྒྱུས་ལས་ཝེ་ལེར་བག་ཆགས་ཟབ་མོ་བཞག་ཡོད། “ལེང་ཅ་ཧོ་ཡི་གྲོང་མིས་བཤད་པའི་སྐབས་དེ་དུས་ཀྱི་གཏམ་རྒྱུད་དང་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་གང་འདྲ་བྱུང་མིན་སྐོར་ལ་ཉན་རྒྱུར་ང་རང་ཧ་ཅང་དགའ་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔེ་ཀློག་གི་ཁྱབ་ཁོངས་ཧ་ཅང་ཆེ་བ་དང་། སྐབས་དེ་དུས་སྣུམ་སྒྲོན་སྤར་དགོས་པའི་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཏུའང་ཁོང་གིས་སྔར་བཞིན་སློབ་སྦྱོང་རྒྱུན་འཁྱོངས་གནང་བའི་སྙིང་རུས་དེ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད”ཅེས་ཝེ་ལེ་ཡིས་བརྗོད།
མི་རིང་བའི་གོང་དུ། ཀྲུང་དབྱིན་འཐབ་ཇུས་ཐད་ཀྱི་སྐད་ཆ་ཤོད་རེས་ཐེངས་བཅུ་གཅིག་པ་པེ་ཅིང་དུ་བྱས་ཤིང་། “འཐབ་ཇུས་ཐད་ཀྱི་སྐད་ཆ་ཤོད་རེས་ནི་དབྱིན་ཀྲུང་གི་སྤྱི་ཡོངས་ཀྱི་མཉམ་ལས་སྒྲོམ་གཞིའི་ཁྲོད་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ཐུན་མོང་གི་ཆ་དེ་བས་ཤེས་རྟོགས་གཏིང་ཟབ་བྱེད་པར་རོགས་རམ་ཐུབ་ལ། ང་ཚོས་ལྷག་བསམ་ཟོལ་མེད་ངང་མི་མཐུན་པའི་ཆའང་གླེང་ཐུབ”ཅེས་ཝེ་ལེ་ཡིས་བརྗོད་པ་དང་། ཁོང་གིས་དབྱིན་ཀྲུང་གི་ཡུན་རིང་བརྟན་ལྷིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་དང་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། “ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཁང་གིས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་དང་སྐད་ཆ་ཤོད་རེས་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་སྟེ་དབྱིན་ཀྲུང་འབྲེལ་བར་འབྲས་བུ་དེ་བས་མང་བ་འདོགས་པར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།