དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གསར་འགོད་པས་མེ་འཁོར་ལ་བསྡད་དེ་ལམ་རྒྱུད་ཀྱི་འགྱུར་ལྡོག་ལ་བལྟས་པ།

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ། ས་མཐོའི་རྣམ་པ་སྔར་བས་མཛེས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་ཧྲི་ཅན། ཆའོ་ཏུང་།   |     སྤེལ་དུས།  2026-07-07

    འདི་ནི་འཛམ་གླིང་གི་ཡང་རྩེར་རྒྱུ་བའི་གཡུ་འབྲུ་སྔོན་མོ་ལྟར་གྱི་མེ་འཁོར་ཡིན།

    ལམ་ཐག་ཧྲིལ་པོར་སྤྱི་ལེ་1956དང་། འཁྱགས་སའི་ཁུལ་ལ་སྤྱི་ལེ་550ལྷག་ཙམ་ཟིན་པ་མ་ཟད། ས་བབ་སྨི་5072ཟིན་པའི་གདང་ལ་བརྒལ་དགོས་པ་སོགས་མིའི་རིགས་ཀྱི་ངོ་མཚར་ཆེ་བའི་ལས་གྲྭ་ཡིན་པའི་མཚོ་བོད་ལྕགས་ལམ་འདི་ཉིད་2006ལོའི་ཟླ་7ཚེས་1ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད།

    ལོ་20ཡི་རིང་། མཚོ་བོད་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.04དབོར་ཡོད། མཁའ་ལམ་ཤར་གཏོང་ཐུབ་པ་དེས་དངོས་ཟོག་བོད་ལ་དབོར་བ་དང་ཡུལ་སྐོར་བ་བོད་དུ་ཡོང་བར་སྟབས་བདེ་བྱུང་ཡོད་ལ། མཚོ་བོད་ས་མཐོའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གསར་པ་བཏོད་ནས་ས་མཐོ་དང་ཕྱི་རོལ་འཇིག་རྟེན་དབར་སྦྲེལ་མཐུད་ཀྱང་ཐུབ་ཡོད།

    ཟི་ལིང་ནས་གོར་མོ་དང་། དེ་ནས་གདང་ལ་བརྒྱུད་ས་བབ་རིམ་པས་མཐོ་རུ་འགྲོ་གི་ཡོད། ཟླ་བ་དྲུག་པའི་ཟླ་མཇུག་ཏུ། གསར་འགོད་པ་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་ལ་བསྡད་དེ་མཁའ་ལམ་ཤར་གཏོང་ཐུབ་པའི་བགྲང་བྱ་20ལས་བྱུང་བའི་འགྱུར་ལྡོག་ལ་ཉམས་ལེན་བྱེད་པར་བསྐྱོད།

    གཙང་གསུམ་ཆུ་འགོ་སྲུང་བ། འདི་ནི་ལྗང་མདོག་གི་སྐྱེ་ཁམས་བར་ཁྱམས་ཤིག་རེད།

    ཁུ་ནུ་རི་བོ་བརྒལ་རྗེས་ས་བབ་སྨི་4000ཡན་ཟིན་པ་དང་། སྲིད་པའི་གངས་རི་གཡུ་འབྲུག་ལྷ་རྩེ་དང་གཡུས་ཤུས་རི་བོ་རྒྱང་ནས་མཐོང་ཐུབ།

    ཁུ་ཁུ་ཤིས་རིར་སྐྱོད་སྐབས། གཙོད་གནས་སྤོ་བའི་དུས་དང་ཏག་ཏག་འཁེལ་བས། གཙོད་ཁྱུ་རྣམས་ལྕགས་ལམ་གྱི་ཟམ་པ་བརྒྱུད་རྒྱང་ཐག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཆོད་པའི་རྩོ་ནག་མཚོར་སྐྱོད་བཞིན་པ་མཐོང་བྱུང་།

    སྔོན་མ་གཙོད་ཀྱི་གྲངས་འབོར་ཧོབ་སྟེ་ཉུང་དུ་ཕྱིན་ཀྱང་། ད་ཆ་གཙོད་ཁྲི་7ལྷག་ཙམ་བར་སླར་གསོ་ཐུབ་ནས་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བྱུང་བའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

    “ང་ཚོ་ནི་རྩྭ་ཐང་གི་བུ་ཕྲུག་ཡིན་པས། ང་ཚོར་རྩྭ་ཐང་སྲུང་བའི་འགན་འཁྲི་ཡོད”ཅེས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོ་ཁུལ་ཆུ་དམར་ལེབ་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཚེ་བརྟན་གྱིས་བཤད་པ་དང་། ཁོང་གིས“དེ་གར་ལས་ཀ་བྱས་ནས་ལོ་21སོང་རིང་། ང་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་སེམས་ནང་བཞག་ནས་བྱ་སྤྱོད་ལ་འཁྱོལ་བར་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད”ཅེས་བཤད།

    ལོ་20ཡི་རིང་། ས་མཐོའི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་མདུན་དུ་མཚོ་བོད་ཚོགས་པ་ཀུང་སིས“རྒྱང་ནས་འགོག་པ་དང་། བར་ནས་གཅོད་པ། ཉེ་ས་ནས་བརྟན་དུ་གཏོང་བ”བཅས་ཀྱི་བཅོས་སྐྱོང་བསམ་ཕྱོགས་གཞིར་བཟུང་། ལྕགས་ལམ་རྒྱུད་དུ་ཚན་རིག་དང་མཐུན་པའི་བྱེ་འགོག་གྱང་མཐོ་དང་། རྩྭའི་དྲ་མིག བྱེ་འགོག་སྔས་ཤིང་གྱང་བཟོས་པ་མ་ཟད། མི་ཐབས་ལ་བརྟེན་ནས་བྱེ་སྐྱེས་རྩི་ཤིང་འདེབས་པ་དང་ཕྱིར་འདྲེན་དྲ་བར་བྱེ་གསོག་ཐེབས་པ་གཙང་སེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྱེ་རླུང་རིམ་པས་འགོག་བཞིན་ཡོད། མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བརྒྱབ་ན་ལྕགས་ལམ་རྒྱུད་དུ་སྔོ་འགྱུར་སྤྱི་ལེ་1002.469བྱས་པ་དེས་སྔོ་འགྱུར་ལམ་ཚད་བསྡོམས་འབོར་གྱི་94.7%བཟུང་བ་དང་། སྡོང་རིང་ལྗོན་ཤིང་དང་སྡོང་ཕྲན་སོགས་ཀྱི་སྔོ་ཁེབས་སྡོང་རྐང་ཁྲི་353.87བཏབ་པས། མཚོ་བོད་ལྕགས་ལམ་རྒྱུད་གཅིག་པུར་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་798ཟིན་ནས་བྱེ་རླུང་འཚུབ་པའི་རྐྱེན་ངན་སྤྱིར་ན་སེལ་ཐུབ་ཡོད།

    མི་སེམས་གཅིག་མཐུན། འདི་ནི་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཐག་ཅིག་རེད།

    མཚོ་བོད་ལྕགས་ལམ་གྱིས་འབྲོག་ཁུལ་མང་ཚོགས་ཀྱི་འགྲུལ་བཞུད་ལ་སྟབས་བདེ་བསྐྲུན་ཡོད། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་ཆུ་འགོར་ཡོད་པའི་གྲོང་ཚོ་ནི་གནས་སྤོས་གྲོང་ཚོ་ཞིག་ཡིན་ཞིང་། ལོ་20ལྷག་ཙམ་གོང་འབྲི་ཆུའི་ཆུ་འགོ་ནས་དེ་གར་སྤོས་པ་དང་། གྲོང་ཚོར་སྐྱེ་ཁམས་ལྟ་སྲུང་བ་ཁྱོན་229ཡོད།

    མཚོ་བོད་ལྕགས་ལམ་གྱི་མེ་འཁོར་ནང་མི་རིགས་མཐུན་སྒྲིལ་གྱི་ཞབས་འདེགས་ཞུ་ས་བཟོས་ཡོད་པས། མི་རིགས་ཁག་གི་འགྲུལ་པ་ཚོས་ཕན་ཚུན་སྐད་ཡིག་སྦྱོང་རེས་དང་རིག་གནས་མཉམ་སྤྱོད་བྱེད་ཆོག་པ་དང་། ལམ་རྒྱུད་ཀྱི་ལྕགས་ལམ་ཚོགས་ཆུང་ནི་མི་རིགས་མང་པོའི་ལས་བཟོ་ལས་གྲུབ་པ་ཞིག་ཡིན་པས། ཁོང་ཚོས་ཕན་ཚུན་རོགས་རེས་དང་མཉམ་དུ་ལྕགས་ལམ་སྲུང་བཞིན་ཡོད།

    མཁའ་ལམ་དེ་ལས་བོད་རིགས་གཞོན་ནུ་ཚོ་ཕྱི་ཕྱོགས་སུ་སློབ་སྦྱོང་བྱེད་པར་སྐྱོད་རྒྱུ་བྱུང་ལ། ས་གནས་ཁག་གི་ཤེས་ལྡན་པའང་ས་མཐོར་གཞི་ཚུགས་ནས་སྨན་བཅོས་དང་སློབ་ཁྲིད་ལ་གཞོལ་ཐུབ་ནས། མི་རིགས་ཁག་གི་མང་ཚོགས་རྣམས་འགྲོ་འོང་ཡང་ཡང་བྱེད་པའི་ཁྲོད་ནས་ཕན་ཚུན་རྒྱུས་མངའ་ཟབ་ཏུ་དང་མོས་སེམས་ཆེ་རུ་སོང་ཡོད།

    ལམ་རྒྱུད་འཕེལ་རྒྱས། འདི་ནི་དམངས་ཕྱུག་ལས་དར་གྱི་ལམ་ཆེན་ཞིག་རེད།

    མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་དར་རྒྱས་བྱུང་བ་ཞིག་རེད།

    “‘གཡུ་འབྲུག་སྔོན་མོ’དེས་ནུབ་རྒྱུད་ས་ཁུལ་ལ་ལྷོ་བྱང་ཤར་བགྲོད་དང་ཕྱི་ནང་སྦྲེལ་མཐུད་ཀྱི་འཐབ་ཇུས་ཀྱི་བགྲོད་ལམ་ཆེན་པོ་ཞིག་བཏོད་ཡོད་ལ། མཚོ་ནུབ་ཀྲོའུ་དེ་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་མཉམ་འདྲེས་གཏིང་ཟབ་ཐུབ་པར་དུས་རབས་ཀྱི་གོ་སྐབས་ཀྱང་བཏོད་ཡོད”ཅེས་མཚོ་ནུབ་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལི་ཆིང་མིང་གིས་བཤད་པ་དང་། ཁོང་གིས། མཚོ་ནུབ་ཀྲོའུ་ནི་མཚོ་སྔོན་དང་། བོད་ལྗོངས། ཤིན་ཅང་། ཀན་སུའུ་བཅས་ཞིང་ཆེན་བཞི་སྦྲེལ་མཐུད་བྱེད་པའི་སྐམ་སའི་ལམ་གཙོ་བོར་གྱུར་ཡོད། ལོ་20ཡི་རིང་། མཚོ་ནུབ་ཀྲོའུ་ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་5.4འཕར་བ་དང་རྒྱུན་སྡོད་མི་འབོར་12.2%འཕར་ཡོད་ཅེས་ངོ་སྤྲོད་བྱས།

    མེ་འཁོར་གཏེར་ལེན་ཁ་གྲོང་ཁྱེར་རྒྱུད་སྐབས། འབབ་ཚུགས་ཕྱིའི“ཟུར་མང་འོད་འཕྲོའི་མཐོ་ལྕོག”གི་འོད་མདངས་ལྷག་པར་འཚེར་ཞིང་། དེ་ནི་མཚོ་ནུབ་ཀྲོའུ་ཡིས་སྔོན་མ་ནས་བསྐྲུན་པའི་ཉི་ནུས་དང་ཚ་ནུས་གསོག་འཇོག་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནས་ནུས་རྒྱུ་གཙང་མའི་གློག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྒྱུན་ཆད་མེད་པར་གཏོང་གི་ཡོད།

    སྔོན་ཆད་ཐག་རིང་སྐྱེལ་འདྲེན་རླངས་འཁོར་གྱི་སྐྱེལ་འདྲེན་མ་གནས་མཐོ་བ་དང་སྐྱེལ་འདྲེན་བྱེད་འབོར་ལ་ཚད་ཡོད་པས་གོར་མོའི་ཚྭ་མཚོ་དཀར་མོའི་ཐོན་རྫས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་པོ་མེད། མཚོ་བོད་ལྕགས་ལམ་བསྐྲུན་རྗེས། བཟོ་ཁུལ་གྱི་ཆེད་གཏོང་མེ་འཁོར་ཐད་ཀར་ཚྭ་མཚོ་དཀར་མོའི་བཟོ་ཁུལ་དུ་ཤར་གཏོང་ཐུབ་ནས་ཅཱ་ལུད་དང་ཐཱན་སྐྱུར་ལིས་སོགས་ཚྭ་མཚོ་དཀར་མོའི་ཐོན་རྫས་མེ་འཁོར་གྱིས་དབོར་ཚད་བཅུ་ཆ་དགུ་ཟིན་ཞིང་། ལོ་ལྟར་ཅཱ་ལུད་ཏུན་ཁྲི་བརྒྱ་ཕྲག་ཁ་ཤས་ལྕགས་ལམ་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དབོར་གྱི་ཡོད།

    རྒྱུས་མངའ་མེད་པ་ནས་ཚང་མས་དོ་སྣང་བྱེད་པའི་བར་འགྱུར་ལྡོག་བྱུང་སྟེ། རིག་གནས་ཡུལ་སྐོར་གྱི་ཚ་རླབས་ལས་མེ་འཁོར་གྱི་སྟབས་བདེ་མངོན་ཐུབ།

    ཟི་ལིང་ནས་ཐོན་ཏེ་ཅུང་མ་འགོར་བར་ཝུའུ་ལན་འབབ་ཚུགས་སུ་སླེབས་ཀྱི་ཡོད་པ་དང་། ཡུལ་སྐོར་བ་མང་པོ་ཞིག“ནམ་མཁའི་མེ་ལོང”དུ་འབོད་པའི་ཚྭ་མཚོར་བསྐྱོད་དེ་ས་མཐོའི་མཛེས་ལྗོངས་ལ་ལྟ་བ་མ་ཟད། མཚོ་བོད་ལྕགས་ལམ་རྒྱུད་ནས་མུ་མཐུད་བསྐྱོད་ཚེ་མཚོ་སྔོན་པོའི་ཤར་ཕྱོགས་དང་བྱང་ངོས་ཀྱི་བྱེ་གླིང་དང་ལྷ་མོ་གཞོངས་གསལ་པོར་མཐོང་ཐུབ།

    ཤང་དང་གྲོང་རྡལ་ཞིག་གི་འགྱུར་ལྡོག་ལས་ལྕགས་ལམ་གྱིས་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་པའི་ཕན་པ་མཐོང་ཐུབ།

    གདང་ལ་གྲོང་རྡལ་ནི་མེ་འཁོར་བོད་དུ་མ་སླེབས་གོང་གི་མཚོ་སྔོན་ས་ཁོངས་ཀྱི་འབབ་ཚུགས་མཐའ་མ་དེ་ཡིན་ཞིང་། དེ་གར་ཆ་སྙོམས་ས་བབ་སྨི་4700ཡན་ཟིན་གྱི་ཡོད་ལ་རྒྱུན་སྡོད་མི་འབོར་2000ཙམ་ཡོད། མེ་འཁོར་ཤར་གཏོང་མ་ཐུབ་གོང་གྲོང་ཁུལ་དུ་བསྐྱོད་དཀའ་བ་དང་། སྨན་པ་བསྟེན་དཀའ་བ། སློབ་གྲྭར་འགྲོ་དཀའ་བ་བཅས་ཀྱི་དཀའ་ངལ་ཡོད་པས་ནད་གཞི་ཚབས་ཆེ་དང་ཉེན་ཁ་ཆེ་བའི་ནད་པ་སྨན་ཁང་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བར་ཉིན་ཁ་ཤས་འགོར་ལ་ཕྲུ་གུ་སློབ་གྲྭར་འགྲོ་བར་ཡང་ལམ་ཐག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་སྐྱོད་དགོས་ཀྱི་ཡོད།

    དེ་སྔའི་ཉིན་ཁ་ཤས་ཀྱི་རླངས་འཁོར་ལམ་ཐག་ད་ཆ་ཉིན་ཕྱེད་ལས་འགོར་གྱི་མེད། མཉམ་ལས་ཁང་དང་འབྲོག་དུད་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་དེས་རི་སྟེང་དུ་གསོ་ཚགས་དང་རི་གཤམ་དུ་གཅིག་གྱུར་ཕྱིར་ཚོང་བྱེད་པར་སྐུལ་ཁྲིད་ཐུབ་ཡོད། 2025ལོའི་ལོ་མཇུག་བར། གདང་ལ་གྲོང་རྡལ་གྱི་ཚགས་ཤ་དང་ལུག་ཤ་ཕྱིར་ཚོང་བྱེད་ཚད་ལྡབ་3.2འཕར་ནས་མང་ཚོགས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ལོ་20ཡི་གོང་གི་སྒོར་2300ནས་སྒོར་ཁྲི་3.86བར་འཕར་ཡོད།

    མེ་འཁོར་ལྷ་སའི་འབབ་ཚུགས་སུ་འབྱོར་མ་ཐག་ལག་ཏུ་ཁ་བཏགས་འཁྱེར་བའི་བོད་རིགས་མང་ཚོགས་དང་། རྡོག་ཁྲེས་འཁུར་བའི་ཡུལ་གཞན་གྱི་ཡུལ་སྐོར་བ། གུང་གསེང་བཞག་ནས་ཕ་ཡུལ་དུ་ལོག་པའི་ས་མཐོའི་གཞོན་ནུ། དངོས་ཟོག་དབོར་མཁན་བཅས་མི་ཚོགས་ཀྱིས་ཁེངས་ནས་དེ་གར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།

    བགྲང་བྱ་ཉི་ཤུའི་རིང་། མཚོ་བོད་ལྕགས་ལམ་གྱིས་འགྱུར་ལྡོག་ཆེན་པོར་བདེན་དཔང་བྱེད་བཞིན་ཡོད། མཚོ་བོད་ལྕགས་ལམ་བརྒྱུད་ནས་སྐྱོད་སྐབས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་སུ་ཤར་གཏོང་ཐུབ་པའི་ལྕགས་ལམ་དེ་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་ལམ་ཐིག་ཙམ་མིན་པར་སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུ་དང་། མི་རིགས་མཐུན་སྒྲིལ་གྱི་ལམ་བུ། དམངས་ཕྱུག་འཕེལ་རྒྱས་ཀྱི་ལམ་བུ་བཅས་སུ་སྔ་ས་ནས་གྱུར་ཟིན་པ་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།