ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ལྔ་སོང་རིང་ཡུལ་སྐོར་འཁྲུག་ཏུ་སོང་བ་དང་། ཁྱད་ལྡན་ཐོན་རྫས་བྲིན་པོ་བྱུང་བ། འགྲུལ་བཞུད་སྟབས་བདེ་རུ་སོང་བ།
བསྐྱར་དར་རྟགས་ཅན་བྱ་ལྟར་འཕུར། ལམ་རྒྱུད་ཧྲིལ་པོར་སྐྱ་ནམ་རྒྱས།

འདི་ནི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཞིག་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་སུ་འབྱོར་བའི་གནས་ཚུལ་ཡིན་པ།
“ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་ཤུགས་ཅན་གྱི་ལམ་ཐིག་ཐོག་མ་དེ་ཡིན་པ་དང་། 2021ལོར་ཤར་གཏོང་ཐུབ་པ་ནས་ད་བར་བརྟན་པོའི་ངང་གཉེར་སྐྱོང་བྱས་ནས་ལོ་ལྔ་སོང་ཡོད། ཟླ་ལྔ་པའི་ཟླ་མཇུག་བར། ཁྱོན་དངོས་ཟོག་ཏུན་ཁྲི་197.2དང་འགྲུལ་པ་ཁྲི་510.6དབོར་ནས་བོད་ཤར་ལྷོའི་ས་ཁུལ་གྱི་འགྲིམ་འགྲུལ་གྱི་འཇུར་མིག་རྦད་དེ་བསལ་ཡོད། ཉིང་ཁྲི་མེ་འཁོར་འབབ་ཚུགས་ཀྱི་འགྲུལ་སྐྱེལ་བ་ལིའུ་ཤུས་ཉན་གྱིས“དེ་སྔ་ཉིང་ཁྲི་ནས་ལྷ་ས་བར་རླངས་འཁོར་ལ་བསྡད་ཚེ་ཆུ་ཚོད་བདུན་ནས་བརྒྱད་བར་འགོར་ཡང་། ད་ཆ་ཤུགས་འགྲེམས་མེ་འཁོར་ལ་བསྡད་ན་ཆུ་ཚོད་3དང་སྐར་མ་40ལྷག་ཙམ་ལས་འགོར་གྱི་མེད་པས་ལམ་རྒྱུད་ཀྱི་མི་སེར་ཚོའི་འགྲུལ་བཞུད་ཐད་སྟབས་ཧ་ཅང་བདེ་པོ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།
གཞུང་ལམ་ཤར་གཏོང་ཐུབ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འདུ་འཛི་ཆེ་བ།
འགྲིམ་འགྲུལ་གྱི་མཐུན་རྐྱེན་ལེགས་སུ་ཕྱིན་ནས་རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། ཕྱི་དྲོར་བྲག་ཡིབ་ཆུས་བོན་རིའི་མཛེས་ལྗོངས་ཁུལ་དུ་ཡུལ་ལྗོངས་ལྟ་ན་སྡུག་ཅིང་སྔོ་ལྗང་གིས་བཀླུབས་པའི་མུ་ཁྱུད་རི་བོར་ལྟ་བར་འོང་མཁན་ཡུལ་སྐོར་བའི་རྒྱུན་ཆད་རྒྱུ་མེད་ཅིང་། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་། རྩྭ་རྩི་ཤིང་སྔོ་ཐིང་ངེར་སྐྱེས་པ། ཉང་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་སུ་དྲག་ཏུ་རྒྱུག་པའི་ཆུ་བོ་བརྗིད་ཉམས་ཆེ་བ་བཅས་ལས་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གྲུབ་ཡོད།
ལྷ་ཉིང་ལྕགས་ལམ་གྱི་སྟབས་བདེ་དང་ཤར་བགྲོད་ལ་བརྟེན་ནས་ལྕགས་ལམ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བོན་རིའི་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་ཧྥེང་ཀྲན་གྱིས“ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་ཡོང་དོན་གཙོ་བོ་ནི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། ཉང་ཆུ་དང་ཡར་ཀླུང་གཙང་པོ་གཅིག་ཏུ་འདྲེས་སའི་མཛེས་ལྗོངས་ལ་ལྟ་ཆེད་རེད། ཡུལ་སྐོར་ཁྲོམ་རའི་འགྱུར་ལྡོག་དང་འཚམ་པ་བྱ་ཆེད། ཉེ་བའི་ལོ་ཤས་རིང་ང་ཚོས་འཕྱོ་གཡེང་དང་། ཆུ་འཁྱིལ་ནགས་གསེབ་ཏུ་གྲུ་གཏོང་བ། ལམ་ཐུང་ཡུལ་སྐོར་གྲུ་གཟིངས་གཏོང་བ་སོགས་ཀྱི་རྣམ་གྲངས་མང་དུ་བཏང་ཡོད། ལྕགས་ལམ་ཤར་གཏོང་མ་ཐུབ་གོང་། མཛེས་ལྗོངས་ཁུལ་གྱིས་གཙོ་བོ་ཡུལ་སྐོར་ལས་དོན་ཁང་དང་ཚོགས་པའི་ཡུལ་སྐོར་གཙོ་བོར་བཟུང་བའི་ཁྲོད་རང་ཡུལ་གྱི་ཡུལ་སྐོར་བ་10%ཙམ་ལས་མེད་མོད། མེ་འཁོར་ཤར་གཏོང་ཐུབ་པའི་རྗེས། དུས་ཆེན་དང་ངལ་གསོའི་རིང་རང་ཡུལ་གྱི་ཡུལ་སྐོར་བས་30%ནས་40%བར་བཟུང་སྟེ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།
“བོད་ཀྱི་ཡུལ་སྐོར་ལས་རིགས་ནང་ཞུགས་ནས་ལོ་13སོང་བའི་ཡུལ་སྐོར་སྣེ་ཤན་པ་ལིའུ་ཡན་ཆང་གིས་བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་འཇུག་རིམ་སྤོར་བྱུང་ཚུལ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། སྟབས་བདེའི་འགྲིམ་འགྲུལ་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་ཐེབས་པའི་འགྱུར་ལྡོག་གཏིང་ཟབ་ཀྱང་ཟབ་མོ་ཚོར་ཡོད། ཁོང་གིས། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་གངས་ལྗོངས་ས་མཐོར་ཡོང་ནས་ངོ་མཚར་གྱི་མཛེས་ལྗོངས་ཉམས་སུ་མྱོང་རྒྱུ་བྱུང་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པའི་རྗེས། ཡུལ་དུས་ཀྱི་བར་ཐག་ཉེ་རུ་ཕྱིན་ནས་ཡུལ་སྐོར་བ་སྔར་ལས་མང་བ་ཉིང་ཁྲིར་བསྐྱོད་དེ་ཡར་ཀླུང་གཙང་པོའི་བརྗིད་ཉམས་མཛེས་ལྗོངས་ལ་མྱོང་རོལ་ཐུབ་པ་མ་ཟད། གནམ་ལྕགས་འབར་བའི་མཛེས་ལྗོངས་ལའང་ལྟ་ཐུབ་ནས་འགྲུལ་བཞུད་ཀྱི་གདམ་ག་སྔར་བས་མང་དུ་ཕྱིན་པ་དང་མྱོང་རོལ་ཡག་ཤོས་ཐུབ་ལ་ཡུལ་སྐོར་ལས་དོན་པར་ཡང་གོ་སྐབས་དེ་བས་མང་བ་བྱུང་ཡོད་ཅེས་བཤད།
ཚོང་འགྲུལ་ཤར་གཏོང་ཐུབ་ནས་རི་གྲོང་ཐོན་རྫས་ཀྱི་ཚོང་ལམ་ཡངས་པ།
ད་ཆ་ལྷ་ཉིང་ལྕགས་ལམ་གྱིས་རི་ཁུག་ནས་དོན་པའི་མྱུར་ལམ་བཏོད་པས་གྲང་ཕྲེང་སྐྱེལ་འདྲེན་དང་། མགྱོགས་མྱུར་བསྡུ་འགྲེམས། གནད་སྨིན་སྡེབ་སྐྱེལ་བཅས་ཀྱི་ཐད་ནུས་ཆེའི་ཟོག་འགྲུལ་སྦྲེལ་ལམ་ཞིག་ཆགས་ཏེ། ཞིང་ནང་དང་འབྲོག་ར་ནས་རྒྱལ་ཡོངས་ཀྱི་གསོལ་ལྕོག་བར་སྐྱེལ་བའི་དུས་ཚོད་འཕྲལ་མར་ཐུང་དུ་དང་ཟད་གྲོན་མངོན་གསལ་དོད་པོས་ཆུང་དུ་སོང་ཡོད། ཞོགས་པ་བཀོག་པའི་བེ་ཤ་སོས་པ་ཕྱི་ཉིན་དེ་རང་ལ་ལྗོངས་ཕྱིའི་སྒོ་རྩིས་ཚོང་ཁང་དུ་འདོན་ཐུབ་པ་དང་། ཐུམ་སྒྲིལ་བརྒྱབ་པའི་བོད་ཕག་དང་ཚགས་ཤ་ཤུགས་འགྲེམས་མེ་འཁོར་བརྒྱུད་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ས་མཐོའི་སྦྲང་རྩི་དང་སྟར་ཁ་སོགས་ཁྱད་ལྡན་ལྷད་མེད་ཐོན་རྫས་ལྕགས་ལམ་བརྒྱུད་ས་གནས་ཁག་ཏུ་ཕྱིར་གཏོང་བྱེད་ཅིང་། དྲ་ཐོག་གི་མངགས་ཐོ་ཇེ་མང་དུ་འགྲོ་བཞིན་ཡོད་ལ་དྲ་ཕྱིའི་ཚོང་ལམ་ཡང་ཇེ་ཡངས་སུ་འགྲོ་བཞིན་ཡོད། ལྕགས་ལམ་ལས་ཉིང་ཁྲིའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རི་ཁུག་དང་བོད་ནས་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོར་བཏོན་པ་དང་། སྤུས་རྟགས་ཀྱི་སྐད་གྲགས་ཇེ་ཆེར་ཕྱིན་པ། ཟུར་སྣོན་རིན་ཐང་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
ཞིང་འབྲོག་པས་ད་ནས་བཟུང་ཚོང་ཟོག་མ་བྲིན་པར་ཕུང་གསོག་ཐེབས་པའི་སེམས་ཁྲལ་བྱེད་མི་དགོས་པར། དེ་ལས་ལྡོག་སྟེ་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ནས་འཕེལ་རྒྱས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད། མེ་འཁོར་གྱིས་མང་ཚོགས་ལ་འབབ་འཕར་ཡོང་རེ་ཡོད་པའི་རི་ཁུག་གི་ལྷད་མེད་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོར་དབོར་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད།
འགྲུལ་བཞུད་སྟབས་བདེ་རུ་ཕྱིན་ནས་སྒོ་རྩའི་འཚོ་བ་ཉིན་བཞིན་སྐྱིད་དུ་སོང་བ།
འགྲིམ་འགྲུལ་ལས་བྱུང་བའི་ཁེ་སྤོགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ་མ་ཟད། ཁྱིམ་ཚང་ཁྲི་སྟོང་མང་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པའང་བཏགས་ཡོད། སྨན་གླིང་མེ་འཁོར་འབབ་ཚུགས་ནས་བར་ཐག་སྤྱི་ལེ་10ཡང་མེད་པའི་ཧྲན་ཙེ་ཅུས་སྤྲོ་གསེང་གསོལ་མགྲོན་ཁང་དེ་ཁོར་ཡུག་ཁམས་གཙང་ཞིང་གནས་ཡུལ་ཐུན་མོང་མ་ཡིན་པའི་དབང་གིས་ཡུལ་སྐོར་བ་ཞག་སྡོད་བྱ་ཡུལ་ཡག་ཤོས་ཀྱི་གྲས་སུ་གྱུར་ཡོད།
“ང་ཚོའི་གསོལ་མགྲོན་ཁང་འདི་2019ལོའི་ཟླ་གསུམ་པར་ལས་གཉེར་བྱེད་འགོ་ཚུགས་པ་དང་སྨན་གླིང་མེ་འཁོར་འབབ་ཚུགས་ནས་རླངས་འཁོར་ལ་བསྡད་ཚེ་སྐར་མ་10ལྷག་ཙམ་ལས་འགོར་གྱི་མེད། ལྕགས་ལམ་ཤར་གཏོང་ཐུབ་རྗེས་འགྲུལ་རྒྱུན་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་དུ་ཕྱིན་པ་མ་ཟད། གཟའ་མཇུག་ཏུ་སྤྲོ་གསེང་གཏོང་མཁན་ཡང་ཇེ་མང་དུ་ཕྱིན་ཡོད”ཅེས་ཧྲན་ཙེ་ཅུས་སྤྲོ་གསེང་གསོལ་མགྲོན་ཁང་གི་འགན་འཁུར་བ་ཚའོ་ཏ་ཆོན་གྱིས་བཤད།
ལྕགས་ལམ་བསྐྲུན་པ་ལས་འགྲུལ་རྒྱུན་མང་དུ་ཕྱིན་ནས་ལམ་རྒྱུད་ཀྱི་དམངས་སྲོལ་གནས་ཚང་དང་གསོལ་མགྲོན་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་སྒོ་འགྲམ་དུ་ལས་ཞུགས་བྱེད་པའི་གོ་སྐབས་ཀྱང་བྱུང་ཡོད། སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་ཤང་ཟ་ཡུལ་གྲོང་ཚོའི་ཡུལ་མི་དང་ཧྲན་ཙེ་ཅུས་སྤྲོ་གསེང་གསོལ་མགྲོན་ཁང་གི་ལས་མི་པད་སྒྲོན་གྱིས“སྔོན་ཆད་ལྷ་ས་ནས་བྲག་ཡིབ་གྲོང་རྡལ་བར་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ཚེ་སྟབས་བདེ་པོ་མེད་མོད། ད་ཆ་མེ་འཁོར་ཤར་གཏོང་ཐུབ་པར་བརྟེན་སྨན་གླིང་འབབ་ཚུགས་ནས་མེ་འཁོར་ལ་བསྡད་ན་ལྷ་སར་ཐད་ཀར་འབྱོར་གྱི་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
ལོ་ལྔའི་རིང་། ལྷ་ཉིང་ལྕགས་ལམ་གྱིས་རི་ཆུ་ཀླུང་གསུམ་གྱི་མཛེས་ལྗོངས་སྔ་ས་ནས་ཡུག་གཅིག་ཏུ་སྦྲེལ་ཏེ་ལམ་རྒྱུད་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་དར་རྒྱས་ལམ་བུ་བཏོད་ཡོད། ལོ་ལྔའི་རིང་། ལྕགས་ལམ་ལས་ཡུལ་སྐོར་འཁྲུག་ཏུ་སོང་བ་དང་། ཁྱད་ལྡན་ཐོན་རྫས་བྲིན་པོ་བྱུང་བ། འགྲུལ་བཞུད་སྟབས་བདེ་རུ་ཕྱིན་ནས་ཉིང་ཁྲིའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། མི་སེར་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་དང་རེ་བས་ཁེངས་ཡོད།
འབྲེལ་ཡོད་གསར་འགྱུར།