དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཀར་གསལ་གློག་འོད་ཁྲ་ཆེམ་ཆེམ། བདེ་སྐྱིད་འཚོ་བ་སྐྱིད་ལྷང་ལྷང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    ཞོགས་པའི་ཉི་གཞོན་གླང་ཆེན་ཁ་འབབ་རོང་ནས་ཨ་ཆེན་གྲོང་ཚོའི་བོད་བཟོའི་སྡོད་ཁང་དུ་འཕྲོས་པ་དང་བསྟུན་ནས་ལོ་65ལ་སླེབས་པའི་རྒན་མོ་ཆོས་སྒྲོན་ཡང་ཉིན་གཅིག་གི་ལས་ལ་བྲེལ་འགོ་བརྩམས། ཁོ་མོས་གློག་མདོང་ནང་མར་དང་། ཚྭ། ཇ་ཁུ་བཅས་བླུགས་ནས་མཐེབ་གནོན་མནན་པ་དང་། ཡུད་ཙམ་སོང་རྗེས་ཞིམ་མངར་རོ་བཅུད་ལྡན་པའི་ཇ་བསྲུབས་མ་བཟོས་ཟིན།

    རྒན་མོ་ཆོས་སྒྲོན་གྱིས“སྔོན་ཆད་ཤིང་གི་མདོང་མོའི་ནང་ཇ་བཟོ་སྐབས་རྙོག་དྲ་ཆེན་པོ་ཡོད། ད་ཆ་གློག་བརྟན་པོ་ཡོད་པས་གློག་མདོང་གི་མཐེབ་གནོན་མནན་ཙམ་བྱས་ན་ཇ་བཟོ་ཐུབ་ཀྱི་ཡོད”ཅེས་བཤད་ཅིང་། ཁོ་མོ་སྡོད་ཁང་གསར་པར་སྤོས་ནས་ལོ་གསུམ་ཙམ་སོང་བ་དང་དེང་གི་འཚོ་བའི་སྐོར་གླེང་རིམ་བཞིན་ཁོང་ལ་མྱོང་ཚོར་ཟབ་མོས་ཁེངས་ཤིང་། སྔོན་ཆད་བསམ་བློར་ཡང་འཁོར་མྱོང་མེད་པའི་འཚོ་བ་ཡག་པོ་ད་ཆ་མངོན་སུམ་དུ་གྱུར་སོང་ཞེས་བཤད།

    རྒན་མོ་ཆོས་སྒྲོན་གཞོན་དུས་ས་བབ་སྨི་4600ལྷག་ཙམ་ཟིན་པའི་སྒེར་རྩེ་རྫོང་ལུང་བཟང་གྲོང་ཚོར་འཚོ་བ་བསྐྱལ་བ་དང་། དེ་གར་དྲོད་ཚད་དམའ་ལ་གྲང་ངར་ཆེ་བ་མ་ཟད། ལོ་ཧྲིལ་པོར་ལོ་ཕྱེད་ཙམ་ཆར་པ་དང་གངས་བབས་ཀྱི་ཡོད་པས། འཚོ་བའི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། 2022ལོའི་ལོ་མཇུག་ཏུ་ཁོ་མོ་ལུང་བཟང་གྲོང་ཚོ་དང་རྡོ་དམར་གྲོང་ཚོ་སོགས་ས་བབ་མཐོ་བའི་གྲོང་ཚོ་7གྱི་འབྲོག་པ་དང་མཉམ་དུ་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཨ་ཆེན་གྲོང་ཚོར་གནས་སྤོས་གཞིས་ཆགས་རྗེས། རི་ཁུག་རྩྭ་རར་འཚོ་བ་སྐྱེལ་མཇུག་འགྲིལ།

    2022ལོའི་ཟླ་11པར་ཁག་དང་པོའི་འབྲོག་པ་སྡོད་ཁང་གསར་པའི་ནང་དངོས་སུ་སྤོ་འགོ་ཚུགས། ཁྱིམ་གཞིས་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ནའང་། ལོ་རྒན་པའི་འབྲོག་པ་མང་པོ་ཞིག་ལ་གློག་སྤྱོད་དཀའ་བའི་གནད་དོན་འཕྲད་ཅིང་། གློག་སྤྱོད་གཱ་སྤྱོད་མི་ཤེས་པ་དང་། དྲ་ཐོག་ནས་གློག་རིན་སྐྱེལ་མི་ཤེས་པ། གློག་རིན་མཐོ་པོ་སྤྲོད་དགོས་ཀྱི་རེད་བསམ་ནས་གློག་སྤོར་མི་ནུས་པ་དང་ཁྱིམ་སྤྱོད་གློག་ཆས་སྤྱོད་ནུས་ཀྱི་མེད།

    དེར་བརྟེན་རྒྱལ་ཁབ་གློག་དྲ་རྩྭ་མདའ་རྫོང་གློག་འདོན་ཀུང་སིའི་ལས་དོན་པས་ཡུག་ཁུལ་བགོས་ནས་དུད་ཚང་དུ་བསྐྱོད་དེ་གློག་སྤྱོད་སྟངས་དམར་ཁྲིད་བྱས། རྒན་མོ་ཆོས་སྒྲོན་གྱིས་ད་ལྟའང་དེའི་སྐོར་ཧ་ཅང་གསལ་པོ་དྲན་གྱི་ཡོད་ཅིང་། “ཉི་མ་སྐལ་བཟང་ཟེར་བའི་ཕོ་གཞོན་ཞིག་ངའི་ཁྱིམ་ལ་ཐེངས་གསུམ་ཡོང་ནས་ཐེངས་དང་པོར་ང་ལ་གློག་སྤྱོད་གཱ་སྤྱོད་སྟངས་བསླབ་པ་དང་། ཐེངས་གཉིས་པར་ང་ལ་དྲ་ཐོག་ནས་གློག་རིན་སྐྱེལ་སྟངས་བསླབ་པ། ཐེངས་གསུམ་པར་ཁོང་གིས་ཁ་པར་ཨང་གྲངས་བཞག་པ་མ་ཟད་གློག་སྤྱོད་ཐད་གནད་དོན་འཕྲད་སྐབས་འབྲེལ་བ་བྱེད་དགོས་པའི་མངགས་བྱ་ཡང་བྱས་བྱུང”ཞེས་བཤད།

    གློག་མཁོ་འདོན་བརྟན་པོ་ཡོད་པའི་རྐྱེན་གྱིས་ཨ་ཆེན་གྲོང་ཚོའི་ལེ་ལག་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་འཕྲོད་བསྟེན་ཁང་དང་། ལམ་སྒྲོན། དམངས་ཕན་སྒོ་རྩིས་ཚོང་ཁང་བཅས་ཚང་མར་གློག་བེད་སྤྱོད་ཡག་པོ་ཐུབ་ཡོད། 2024ལོར་ཞིང་ཟོག་ཁྲོམ་ར་དང་སོས་ཉར་གྲང་མཛོད་བསྐྲུན་ནས་གྲང་ཕྲེང་གསོག་ཉར་ལ་བརྟེན་ཏེ་ཡུལ་མིའི་འབྲོག་ལས་ཐོན་རྫས་དང་ཞིང་ཞོར་ཐོན་རྫས་ཀྱི་ཚོང་ལམ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    གློག་ཤུགས་ཀྱིས་མཐུན་རྐྱེན་སྦྱར་བས་གྲོང་མིའི་འཚོ་བར་འགྱུར་ལྡོག་ཕྱིན་ཞིང་། གྲོང་ཚོའི་མུའུ་ཁྲི་2.8ཟིན་པའི་ཞིང་ཆུ་འདྲེན་ཁུལ་དུ་འཕྲུལ་གློག་ལ་བརྟེན་པའི་ཆུ་འདྲེན་ལེ་ལག་ཚང་བའི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་གློག་བརྟན་པོ་ཡོད་པས་ཆུ་འཐེན་སྒྲིག་ཆས་འཁོར་སྐྱོད་ཡག་པོ་ཐུབ་སྟེ། སྔོན་ཆད་ཀྱི་བེད་མེད་ས་རྒོད་རྣམས་ཐོན་འབབ་ལེགས་པའི་ཞིང་ཁར་སྒྱུར་ཡོད། བློས་འཁེལ་བའི་འཕྲུལ་གློག་ལ་བརྟེན་ནས་ཞིང་ཆུ་འདྲེན་པ་ལས་ནས་ཀྱི་ཐོན་འབབ་བརྟན་པོ་འཕར་བ་དང་། གཟན་རྩྭའི་ཐོན་འབབ་ཤུགས་ཆེན་འཕར་བ། ནོར་ལུག་གསོ་སྤེལ་མ་གནས་རྒྱུན་མཐུད་ཆག་ནས། འབྲོག་ལས་ཐོན་ལས་འཕེལ་རྒྱས་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད་པ་རེད།

    ད་ཆ་གློག་འདོན་ཀུང་སིའི་ལས་དོན་པ་ཉི་མ་སྐལ་བཟང་གིས་ཨ་ཆེན་གྲོང་ཚོའི་གློག་ཤུགས་བཀོལ་སྤྱོད་བདག་སྐྱོང་གི་འགན་འཁུར་གྱི་ཡོད། དཔྱིད་རྨོད་ཀྱི་ཞིང་ཆུ་འདྲེན་པའི་འགག་རྩའི་དུས་སུ་ཆུ་འཐེན་སྒྲིག་ཆས་ཉིན་མཚན་བལྟོས་མེད་འཁོར་སྐྱོད་བྱེད་ཅིང་། མཚན་མོ་སྐུད་ལམ་ལ་སྐྱོན་ཤོར་བའི་གནས་ཚུལ་འཕྲད་ནས་གྲོང་མིའི་མྱུར་བཟོའི་ཁ་པར་འབྱོར་མ་ཐག་ཁོང་གིས་འཕྲལ་དུ་ས་ཆ་དངོས་སུ་མྱུར་བཟོ་བྱེད་པར་འགྲོ་གི་ཡོད།

    མུན་པ་རུབ་པ་དང་ཨ་ཆེན་གྲོང་ཚོའི་ལམ་འགྲམ་གྱི་གློག་སྒྲོན་རིམ་བཞིན་སྤར་ནས་གྲོང་གསེབ་ཀྱི་ཁོད་སྙོམས་པའི་འགྲོ་ལམ་རབ་ཏུ་གསལ་བ་དང་། ཁྱིམ་ཚང་ཚང་མ་ནས་ཁྲ་ཐིང་ཐིང་གི་གློག་འོད་འཕྲོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།