དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱིས“གྲོང་ཁྱེར་གཅིག་དང་ཁུལ་གསུམ”གྱི་འཐབ་ཇུས་ངེས་གནས་གཏན་འཁེལ་ཁ་གསལ་བྱས་པ།

    2030ལོར་སླེབས་སྐབས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1500ལྷག་ཙམ་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-07

    ཟླ་7ཚེས་2ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྱི་གྲགས་ཅན་གྲོང་ཁྱེར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། དེང་རབས་ཅན་གྱི་བཅོས་སྐྱོང་དཔེ་སྟོན་ཁུལ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་སྣེ་ཁྲིད་ཁུལ་བཅས“གྲོང་ཁྱེར་གཅིག་དང་ཁུལ་གསུམ”གྱི་འཐབ་ཇུས་ངེས་གནས་བཏོད་དེ། 2030ལོར་སླེབས་སྐབས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1500ལྷག་ཙམ་ཟིན་པ་དང་། ལོ་རེར་ཆ་སྙོམས་བྱས་ན་6%ཡན་འཕར་བ། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་15ལས་བརྒལ་བ་བཅས་ཀྱི་དམིགས་ཚད་བརྩོན་ལེན་བྱ་རྒྱུ་ཁ་གསལ་བཏོན་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད་ལ། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ལྟེ་སྙིང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩའི་དུས་མཚམས་ཤིག་ཀྱང་རེད། 《ལྷ་ས་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད》ནང་ལྷ་ས་གྲོང་ཁྱེར་གྱི་འབྱུང་འགྱུར་ལོ་ལྔའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཏེ། ཡུལ་བབ་དང་བསྟུན་པའི་ས་མཐོའི་འཚོ་སྡོད་རུང་བའི་གྲོང་གསར་འཛུགས་སྐྲུན་བྱ་རྒྱུ་དང་། གསར་གཏོད་གསར་འབྱེད་བྱེད་ཀྱིན་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མཉམ་སྐྲུན་མཉམ་སྤྱོད་བྱེད་ཀྱིན་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ལྗང་མདོག་ཕྱོགས་སྒྱུར་བྱེད་ཀྱིན་ས་མཐོའི་རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོང་བྱ་རྒྱུ། བདེ་སྡོད་ཉེན་བསམ་བྱེད་ཀྱིན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་བཅས་ཕྱོགས་ལྔའི་ལས་དོན་གཙོ་གནད་ཐོག་དམ་བཟུང་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི་རིང་། ལྷ་ས་གྲོང་ཁྱེར་གྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་1090.99ཟིན་པ་དེས་ལྗོངས་ཡོངས་ཀྱི་36%བཟུང་བ་དང་། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ནས་ནགས་བཟོ་མུའུ་ཁྲི་91.98བྱས་པ་དང་། གྲོང་ཁྱེར་དུ་སྔོ་འགྱུར་བྱེད་ཚད་43.7%བར་མཐོ་རུ་བཏང་བ། སྤྱི་ལེ་62.5ཟིན་པའི་གྲོང་ཁྱེར་གྱི་ཆུ་རྒྱུད་མ་ལག་བསྐྲུན་པ། “ཆུ་རྒྱུད་ལ་བརྟེན་ནས་གྲོང་ཁྱེར་བརླན་པ་དང་། སྔོ་ལྗང་ལ་བརྟེན་ནས་གྲོང་ཁྱེར་བརྒྱན་པ། གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ”བཅས་ལས་དོན་རིམ་བཞིན་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་61802དང་སྒོར་29189སོ་སོར་ཟིན་པ་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ལྡབ་1.4དང་ལྡབ་1.6རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།