རང་ལྗོངས་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་ལས་རིགས་གནོད་འཚེའི་འགན་སྲུང་གི་ཚོད་ལྟའི་ལས་དོན་སྤེལ་བ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚད་ལྡན་འཕེལ་རྒྱས་དང་ཁེ་དབང་འགན་སྲུང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སྲིད་ཇུས་གཏན་འབེབས་དང་། ལྟ་འདོམས་ཁྲིམས་སྒྱུར། ཞབས་ཞུ་ལེགས་གཏོང་། རྩོད་གཞི་འདུམ་འགྲིག་བཅས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ། ལས་ཞུགས་ཚོགས་སྤྱི་གསར་པའི་སྟབས་བདེའི་ཞབས་ཞུ་འདྲི་རྩད་དཀའ་བ་དང་། ཁེ་དབང་འགན་སྲུང་ཁྱབ་དཀའ་བ། ཁེ་དབང་སྲུང་སྐྱོང་གི་རེ་ཞུ་བྱེད་དཀའ་བ་སོགས་ཀྱི་དཀའ་གནད་ཧུར་ཐག་བསལ་བ་རེད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུ་སྤུས་ཚད་མཐོ་བའི་མཁོ་སྤྲོད་ཐད་ལས་ཞུགས་ཚོགས་སྤྱི་གསར་པའི་དགོས་མཁོ་ཁག་35ལ་དམིགས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་འགན་སྲུང་ཁེ་དབང་གི་ཕྱོགས་སྟོན་དང་པོ་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་འགན་སྲུང་གི་ཁེ་དབང་ཞབས་ཞུའི“ཀུན་གསལ་ལག་དེབ”》བཟོས་ནས“སྲིད་ཇུས་ཀྱི་ཐ་སྙད་གོ་མི་ཐུབ་པ་དང་། ལས་སྒྲུབ་ཀྱི་བརྒྱུད་རིམ་གསལ་པོ་མེད་པ། ཞབས་ཞུའི་སྡེ་ཚན་རྙེད་དཀའ་བ”སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།
ལས་སྟེགས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་སྙན་ཞུའི་ལམ་ལུགས་འཛུགས་པའི་ཐད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་སྡེ་ཚན་དང་མཉམ་དུ་དྲ་སྦྲེལ་ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སུ་ངལ་རྩོལ་ལས་མི་སྤྱོད་པའི་སྙན་ཞུའི་ལམ་ལུགས་ལག་ལེན་བསྟར་ནས། ལས་སྟེགས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་གནས་ཚུལ་རྒྱུན་རྣམ་ཅན་བཞིན་མཐིལ་རྟོགས་དང་། ལས་ཞུགས་གཞི་ཁྱོན་དང་། གླ་ཕོགས་ཐོབ་ཐང་། ཁེ་དབང་འགན་སྲུང་བཅས་ཀྱི་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཁེ་ལས་ལ《ལས་མིའི་གཟུགས་པོའི་བརྟག་དཔྱད་དེབ》བཏོན་ནས་ལས་མིའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བས“གྲངས་གཞི་དང་། དབྱེ་ཞིབ། བརྟག་དཔྱད། དག་ཐེར”བཅས་ཀྱི་འཁོར་འབྲེལ་གདུབ་ཟུམ་དོ་དམ་ལམ་ལུགས་ཆགས་ཡོད།
ལས་རིགས་གནོད་འཚེའི་འགན་སྲུང་གི་ཞན་ཆ་སེལ་བའི་ཐད། ལས་ཞུགས་ཚོགས་སྤྱི་གསར་པའི་ལས་རིགས་གནོད་འཚེའི་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་ཁེ་དབང་འགན་སྲུང་བྱ་ཆེད། ཟླ་7ཚེས་1ཉིན་ནས་བཟུང་། ལས་ཞུགས་ཚོགས་སྤྱི་གསར་པའི་ལས་རིགས་གནོད་འཚེའི་འགན་སྲུང་གི་ཚོད་ལྟའི་ལས་དོན་སྤེལ་བ་རེད། ལས་རིགས་གནོད་འཚེའི་འགན་སྲུང་མ་ལག་གིས་ལས་རྨས་འགན་བཅོལ་གྱི་སྒྲོམ་གཞི་ཆེན་པོར་གཞི་ཚུགས་པ་དང་། མ་དངུལ་ལས་རྨས་འགན་བཅོལ་ཐེབས་རྩའི་ནང་ཟླ་སྒྲིལ་གཏོང་བ། གཏོང་ཡོང་ཚན་པ་ལོགས་སུ་འཛུགས་པ། རྩིས་ཐོ་གཞིར་བཟུང་གྲོན་དངུལ་རྩིས་རྒྱག་པ་དང་ཟླ་རེར་གྲོན་དངུལ་འཇལ་བ། གྲོན་དངུལ་ཚང་མ་ལས་སྟེགས་ཁེ་ལས་ཀྱིས་གཏོང་བ་བཅས་བྱེད་རྒྱུ། ཐོབ་ཐང་རྣམ་གྲངས་དེ་ལས་རྨས་འགན་བཅོལ་དང་བསྡུར་ནས་སྨན་བཅོས་དང་། རྨས་སྐྱོན། ཤི་སྐྱོན་བཅས་རིགས་གསུམ་གྱི་ལྟེ་བའི་ཐོབ་ཐང་དང་དེ་བཞིན་སྨན་བཅོས་དྲག་སྐྱེད་དང་། རམ་འདེགས་ཡོ་བྱད། འཚོ་བའི་བདག་སྐྱོང་སོགས་འབྲེལ་ཡོད་འགན་སྲུང་ཚུད་ཡོད།
སྣ་མང་ཁེ་དབང་སྲུང་སྐྱོང་གི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་དང་མཉམ་དུ་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་གི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ་སྔོན་ལ་བདག་སྤྲོད་དང་། གང་མགྱོགས་འདུམ་འགྲིག སྟབས་བདེའི་ཁྲུན་གཅོད། དུས་བཀག་ཐག་གཅོད་བཅས་བྱས་ཡོད།
ས་ཁུལ་ལས་རིགས་ཀྱི་མཛུབ་ཁྲིད་ཚད་གཞི་འདོན་པའི་ཐད། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་མྱུར་སྐྱེལ་ལས་རིགས་ཀྱི་མཇུག་སྣེའི་གྲོན་དངུལ་གཏོང་བའི་བཅད་གྲངས་ཚད་གཞི་བཟོ་བར་ཁྲིད་སྟོན་བྱས་ནས་ཁེ་ལས་ཀྱི་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་དང་མྱུར་སྐྱེལ་བའི་ངལ་རྩོལ་ཐོབ་ཆ་ལུགས་མཐུན་འགན་སྲུང་བྱེད་པར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།