དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། དམིགས་ཚད། གཙོ་གནད་ལས་འགན། ལས་གྲྭ་གལ་ཆེན་བཅས་ཁ་གསལ་བཏོན་ཡོད།

    《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་བཅས་ཀྱི་སྒོ་ནས་སྦགས་བཙོག་འགོག་བཅོས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་འགན་སྲུང་དུ་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། སྦགས་བཙོག་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ལ་སྤྱི་འདོམས་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་འགྱུར་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སུ་སྒྱུར་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་དེ་བས་མང་བ་མཁོ་འདོན་བྱས་ཏེ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བསྐྲུན་དགོས།

    《འཆར་འགོད》ནང་བཏོན་དོན། 2030ལོར་སླེབས་སྐབས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་སོང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཅིང་། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གཞི་རྩའི་ཆར་ཆགས་པ་དང་། ཐཱན་ཚད་མཐོ་ཤོས་ཀྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་བ། སྦགས་བཙོག་དངོས་རྫས་གཙོ་བོ་འབུད་ཚད་བསྡོམས་འབོར་རྒྱུན་མཐུད་ཉུང་དུ་སོང་བ། སྙིགས་རོ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ནུས་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱུང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བླང་བྱ་དང་འཚམ་པའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་ཁག་གཅིག་བསྐྲུན་པ་བཅས་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད། དེ་དང་ཆབས་ཅིག 2035ལོའི་དམིགས་ཚད་ལ་རྒྱང་ལྟ་བྱས་པ་དང་འབྲེལ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྤྱིའི་བཀོད་པ་མགྱོགས་མྱུར་ཆགས་པར་བྱེད་དགོས་པ་བཏོན་ཡོད།

    《འཆར་འགོད》ནང་གནམ་སྔོན་དང་། ས་གཙང་། ཆུ་དྭངས་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་དང་།སྙིགས་རོ་དང་སྦགས་རྫས་གསར་པའི་བཅོས་སྐྱོང་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱེད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་མཐོར་གཏོང་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ཉམས་གསོ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཉམས་གསོ། ས་རྒྱུའི་སྦགས་བཙོག་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་། བཟོ་ལས་སྙིགས་རོའི་ཁོར་ཡུག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་ཕྱོགས་བསྡུས་བེད་སྤྱོད། སྦགས་རྫས་གསར་པ་མཐུན་སྦྱོར་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་གལ་ཆེན་བཏོན་ཡོད།

    《འཆར་འགོད》ནང་བླང་བྱ་བཏོན་དོན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད། ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཏན་འབེབས་ལྟར་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་དཔྱད་ཞིབ་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། ས་གནས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས《འཆར་འགོད》ལ་གཞིགས་ནས་དམིགས་ཚད་ལས་འགན་ཞིབ་ཚགས་བཟོ་བ་དང་དོན་འཁྱོལ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲིའི་ལས་བགོས་གཞིར་བཟུང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་པ། སྐྱེ་ཁམས་ཁོར་ཡུག་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《འཆར་འགོད》ལག་བསྟར་བྱས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། དུས་དཀྱིལ་དཔྱད་དཔོག ཕྱོགས་སྡོམ་དཔྱད་དཔོག་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།