ལས་ཤོར་འགན་བཅོལ་ལ་བརྟེན་ནས་ལས་གནས་བརྟན་པོ་དང་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་བྱ་ཐབས་རྒྱུན་མཐུད་ལག་ལེན་བསྟར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་7ཚེས་2ཉིན་ཤེས་རྟོགས་བྱུང་བར། ཉེ་ཆར། མི་སྤྱི་པུའུ་སོགས་སྡེ་ཚན་བཞི་ཡིས་ལས་ཤོར་འགན་བཅོལ་ལ་བརྟེན་ནས་ཁེ་ལས་ཀྱིས་ལས་གནས་བརྟན་པོ་དང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་མཉམ་དུ་བཀྲམ་སྟེ། “རྒྱུན་མཐུད་གཉིས་དང་ལེགས་གཏོང་གཅིག”བརྒྱུད་ཁེ་ལས་ལ་གཟིགས་སྐྱོང་དང་དམངས་ལ་ཕན་པ་འདོགས་པའི་སྲིད་ཇུས་བྱ་ཐབས་ཁག་གསུམ་ལག་ལེན་བསྟར་ཏེ། ཁེ་ལས་ཀྱིས་ལས་གནས་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས་གཞོན་ནུ་ཧུར་ཐག་བསྡུས་པ་དང་ལས་རིགས་ཀྱི་རྩལ་ནུས་མཐོ་རུ་གཏོང་བར་རམ་འདེགས་བྱ་རྒྱུ་ཁ་གསལ་བསྟན་ཡོད་པ་རེད།
ལས་བརྟན་དངུལ་སློག་སྲིད་ཇུས་རྒྱུན་མཐུད་ལག་ལེན་བསྟར་རྒྱུའི་ཐད། བརྡ་ཐོའི་ནང་ཁ་གསལ་བསྟན་དོན། ལས་མི་ཉུང་འཕྲི་མི་བྱེད་པའམ་བྱེད་ཉུང་བའི་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ལ་2026ལོའི་ལོ་མཇུག་བར། མུ་མཐུད་ལས་བརྟན་དངུལ་སློག་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཁེ་ལས་དང་དེ་བཞིན་དེ་དག་གི་ལས་མིར་ལོ་གོང་མ་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་དངུལ་གྱི་60%མན་གཞིར་བཟུང་ཕྱིར་སློག་བྱ་རྒྱུ་དང་། ཁེ་ལས་ཆེ་གྲས་ལ་30%མན་གཞིར་བཟུང་ཕྱིར་སློག་བྱ་རྒྱུ་ཡིན། སྤྱི་ཚོགས་རྩ་འཛུགས་དང་། ཁྲིམས་རྩོད་པའི་ལས་དོན་ཁང་། རྩིས་གཉེར་བ་ཆེ་མོའི་ལས་དོན་ཁང་། དེ་བཞིན་ཚན་པ་རྣམ་པའི་འགན་བཅོལ་ལ་བཞུགས་མཁན་གྱི་ཁེར་རྐྱང་བཟོ་ཚོང་བ་བཅས་ལ་བབ་བསྟུན་གྱིས་ལག་ལེན་བསྟར་རྒྱུ་ཡིན། “རེ་ཞུ་བྱེད་མི་དགོས་པར་ལོངས་སུ་སྤྱོད་ཐུབ་པའི”སྒྲུབ་གཉེར་རྣམ་པ་ལེགས་སུ་བཏང་སྟེ་རང་འགུལ་ངང་དངུལ་ལེན་ངོས་འཛིན་དང་སྲིད་ཇུས་ཆ་འཕྲིན་གཏོང་རྒྱུ་ཡིན་པ་རེད།
ལས་གནས་རྒྱ་སྐྱེད་གཏོང་བའི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུའི་ཐད། བརྡ་ཐོའི་ནང་ཁ་གསལ་བསྟན་དོན། 2026ལོའི་ལོ་མཇུག་བར་ཐེངས་གཅིག་མའི་ལས་གནས་རྒྱ་སྐྱེད་གཏོང་བའི་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་། སློབ་ཐོན་ལོ་འཁོར་དང་སློབ་གྲྭ་ནས་ཐོན་ཏེ་ལོ་གཉིས་ནང་ཚུན་ལས་ཞུགས་མི་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ལོ་16ནས་24བར་ལས་ཤོར་ཐོ་འགོད་བྱས་པའི་གཞོན་ནུ་བསྡུ་མཁན་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ལ་མི་གཅིག་བསྡུ་བར་སྒོར་1500མན་གྱི་ཚད་གཞི་ལྟར་ཁ་གསབ་དངུལ་སྤྲོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།