དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞུམ་མེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་གི་ཡིན།


  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-06

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་འབད་འབུངས་མདུན་སྐྱོད་ཀྱི་བློ་སྟོབས་བརྟན་དུ་ཕྱིན་པ།

    ཟླ་7ཚེས་1ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་དེར་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅིའི་ཆོད་གཏམ་གལ་ཆེན་དང་མངགས་བཅོལ་ཟབ་མོ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ཏེ་ཐེག་པ་འཁུར་ལེན་གྱི་སེམས་ཤུགས་ཆེན་པོའི་ཐོག་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ནང་ཞུགས་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

    འབད་འཐབ་ལ་བརྟེན་ནས་ལམ་ཚད་ཀྱི་རྡོ་རིང་བསྐྲུན། ཐོག་མའི་བསམ་འདུན་གྱིས་རྒྱང་ལམ་ལ་འོད་སྣང་སྦྱིན།

    ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་མི་དམངས་ཚོགས་པ་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་བརྩེ་བ་ཟབ་མོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་བལྟས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་པ་རེད།

    རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས། ཚན་པ་ཁག་གིས་འཕྲལ་མར་ཏང་ཡོན་ལས་བྱེད་པའི་འཐུས་མི་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པར་དམིགས་ནས། ངོས་འཛིན་དང་མྱོང་ཚོར་གླེང་སྟེ་སློབ་སྦྱོང་གི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བར་བྱས་ཡོད།

    ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་ཀྲུང་གོ་གུང་ཁྲན་ཏང་གིས་འོད་སྟོང་འཕྲོ་བའི་ཕུལ་བྱུང་ཁྱད་ཡོན་རྒྱུན་ཆད་མེད་པར་གཏོད་ཐུབ་དོན་གསལ་སྟོན་གཏིང་ཟབ་གནང་བ་མ་ཟད། རྒྱང་ལམ་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ཀྱི་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་ཐད“ངེས་པར་དུ་ལྔ”ཡི་བླང་བྱ་ཁ་གསལ་བཏོན་གནང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱ་ཆེད་ཁ་ཕྱོགས་སྔར་བས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་བའི་མྱོང་ཚོར་ཟབ་མོ་ཐུབ་ཡོད།

    མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་ལ། དཔའ་བོ་ངོ་མ་ཡང་ཡིན།

    དམངས་སྲིད་པུའུ་དང་། ཁྲིམས་འཛིན་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ལོ་105ཡི་རིང་རང་རེའི་ཏང་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཁྲག་དྲོན་དང་། རྔུལ་ཆུ། བློ་གྲོས་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་དུ་སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་སྤྱོད་བཟང་འདུན་ཆེའི་མི་སྣ་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་སྔོན་བྱོན་པ་ཚོས་བཏོད་པའི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    རང་ངོས་གསར་བརྗེ་ཕོད་པར་བྱས། སྲ་ཞིང་བརྟན་པའི་སྲིད་ཏང་བསྐྲུན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་105ཡི་འབད་འཐབ་ཁྲོད་འོད་སྟོང་རྒྱུན་ཆད་མེད་པར་བཏོད་ཐུབ་དོན་དང་། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པའི་རྩ་བ་ནི་རང་རེའི་ཏང་ལ་སྲིད་ཏང་གཞན་དང་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་གྱིས་འགྲན་མི་ནུས་པའི་ཕུལ་བྱུང་གི་ཁྱད་ཡོན་ལྡན་པས་རེད་ཅེས་གཏིང་ཟབ་བསྟན་གནང་ཡོད།

    ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། སློབ་གསོ་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གྱི་འགག་རྩའི་གསང་ཨང་གི་གནས་ལུགས་བརྗོད་ཡོད་པས། ངེས་པར་དུ་ལག་ལེན་གསར་པར་གཞི་ཚུགས་ནས་ཏང་གི་ཕུལ་བྱུང་ཁྱད་ཡོན་སྔར་བས་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་བཏང་སྟེ་ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེན་པོ་མངོན་པར་བྱེད་ཀྱི་ཡིན་ཞེས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་སྐབས་མི་སྤྱི་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར་ཕྲག་ཐོག་གི་འགན་འཁྲི་ལྕི་བའི་ཚོར་སྣང་ཟབ་མོ་བྱུང་ཡོད། ཚང་མས་རང་རེའི་ཏང་གིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་བློ་ལ་འཆང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་བྱ་གཞག་རླབས་པོ་ཆེར་གཞོལ་བ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བ་བཅས་བྱས་ནས་མདུན་སྐྱོད་ཀྱི་ལམ་བུར་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཡོད་དགོས་ལ། འབད་འབུངས་ཡར་བརྩོན་གྱི་ངེས་ཤུགས་ལྡན་པར་བྱས་ནས་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་བཏང་སྟེ་ནམ་ཡང་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་རྐང་འཛིན་ཞིག་བྱེད་ཀྱི་ཡིན་ཞེས་བཤད།

    བསྐྱར་དར་གྱི་འགན་འཁྲི་ཕྲག་ཏུ་འཁུར། དངོས་སྒྲུབ་ལ་བརྟེན་ནས་ལེའུ་གསར་བཏོད།

    “ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་105ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལས་མི་རྣམས་ལ་སྤོབས་པ་སྐྱེ་འོས་པ་ཞིག་ཡོད་མོད། འོན་ཀྱང་ང་ཚོས་ང་རྒྱལ་ཁེངས་དྲེགས་གཏན་ནས་བྱེད་མི་རུང་ལ། གོམ་པ་སྤོ་མཚམས་ཀྱང་གཏན་ནས་འཇོག་མི་རུང”

    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པའི་ལས་བྱེད་པ་དང་ལས་བཟོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་རྒྱུས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་དགོས་པའི་རླབས་ཆེའི་འབོད་སྐུལ་གནང་ཡོད་པས་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་དང་། རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེ་མོ་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་ཀྱི་ཡིན་ཞེས་བཤད།

    གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚན་རྩལ་པུའུ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དཀའ་སྤྱད་ལས་སྒྲུབ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་ཀྱི་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།