ལག་གདང་སྦྲེལ་ནས་གྲོང་ཁྱེར་བཅོས་སྐྱོང་བྱེད།
—— ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ནང་མངགས་སྐྱེལ་བ་དང་མྱུར་སྐྱེལ་བ་ཞུགས་པར་ཁྲིད་སྟོན་བྱས་པའི་སྐོར་བཀོད་པ།
དགོང་དྲོའི་ཆུ་ཚོད་བརྒྱད་པར། ཧོང་ཅང་གིས་མངགས་ཐོ་མཇུག་ཤོས་དེ་བསྐྱལ་རྗེས་གློག་སྒུལ་སྦག་སྦག་གཞོགས་གཅིག་ཏུ་ཡག་པོ་བཞག་ཅིང་། དེ་རྗེས་ཁོང་གིས་མངགས་ཐོའི་དྲན་སྐུལ་མེད་པའི“སྟག་རྩྭ་ཐང་སྡེ་ཁུལ་བཅོས་སྐྱོང་ཚོགས་པའི”སྐད་འཕྲིན་ཚོགས་པ་ཁ་ཕྱེ།
སྔོན་གྱི་ནང་དོན་ལ་ལྟ་སྐབས་དེ་ནི་ཁོང་གིས་ཕྱི་དྲོ་བསྐུར་བའི་གློག་སྐུད་ཅིག་ཐོག་སོ་བཞི་པའི་སྒེའུ་ཁུང་ནས་མར་འཐེན་ཏེ་གློག་སྒུལ་སྦག་སྦག་ལ་གློག་གསོག་བཞིན་པའི་པར་དེ་རེད། དེ་ནས་མུ་མཐུད་ལྟ་སྐབས་དེ་ནི་སྡེ་ཁུལ་གྱི་ལས་བྱེད་པས“འབྱོར་བྱུང་། སྡེ་ལས་ལ་འབྲེལ་བ་བྱས་ཚར”ཞེས་ལན་བཏབ་སྟེ་དེ་དང་མཉམ་དུ་གནད་དོན་བཅོས་སྒྲིག་ཟིན་ནས་བསྐུར་བའི་གློག་སྐུད་མེད་པའི་པར་དེ་རེད།
ཧོང་ཅང་གིས་དེ་དག་ལ་ལྟ་བཞིན་བློ་བདེ་བར་གྱུར།
ཆབ་མདོའི་གྲོང་ཁུལ་གཙོ་བོར་ཧོང་ཅང་དང་འདྲ་བའི་མངགས་སྐྱེལ་བ་245ཡོད། ཁོང་ཚོའི་ལག་ཐོགས་ཁ་པར་ནང་ས་བཀྲ་གཉིས་ཉར་ཚགས་བྱས་ཤིང་། གཅིག་ནི་ཉོ་སྐྱེལ་ལས་སྟེགས་ཀྱི་ལམ་ཐིག་ཡིན་པ་དང་དེའི་ནང་ཚོང་པ་དང་སྐུ་མགྲོན་གྱི་ཆ་འཕྲིན་མང་པོ་བྲིས་ཡོད་པ་དང་། གཅིག་ཤོས་ནི་ཁོང་ཚོ་རང་ཉིད་ཀྱིས་མ་གཏོགས་ཤེས་ཀྱི་མེད་པའི་ལམ་མདོ་གང་ཞིག་གི་ཆུ་སྦུག་གི་ཁེབས་གཅོད་བརྟན་པོ་མེད་པ་དང་། སྡེ་ཁུལ་གང་ཞིག་གི་མེ་ཟོན་བགྲོད་ལམ་འགག་པ། ཐོག་སོ་གང་ཞིག་ཏུ་གློག་སྐུད་གང་བྱུང་དུ་ཁྲིད་པ་ལ་སོགས་རེད།
མྱུར་སྐྱེལ་བ་བཀྲ་ཤིས་རྒྱལ་མཚན་ཡང་སྐད་འཕྲིན་ཚོགས་པ་དེའི་ནང་ཡོད།རང་ཉིད་ཀྱིས་གོང་ཞུ་བྱས་པའི་གནད་དོན་གསུམ་པ་ནི་སྟག་རྩྭ་ཐང་ཁྲོམ་གཞུང་གི་ལམ་ངོས་ཀྱི་ཟུར་ཞིག་བརྡིབས་པ་དེ་ཡིན་པ་ཁོང་གིས་གསལ་པོར་དྲན་གྱི་ཡོད།
“ང་ཏོག་ཙམ་མ་གཏོགས་དེར་འགྱེལ་གྲབས་བྱས་བྱུང་། དངོས་འབྲེལ་ཉེན་ཁ་ཆེ་བ་ལ་ཨང”ཞེས་པའི་པར་བསྐུར་བའི་ཉིན་གཉིས་པ་དེར་ཁོང་ལམ་དེ་ནས་སྐྱོད་སྐབས་གྲོང་དོན་བཟོ་པས་ཉམས་བཟོ་བྱེད་བཞིན་འདུག
“ངས་བཤད་པ་གྲོང་ཁྱེར་འདིས་གོ་འདུག”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་བཤད།
“མངགས་སྐྱེལ་བ་དང་མྱུར་སྐྱེལ་བ་རྟག་ཏུ་ལམ་མང་པོར་སྐྱོད་དགོས་པས་ཁོང་ཚོས་གནད་དོན་དུས་ཐོག་ཏུ་ཤེས་ཐུབ”ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་ཆི་ཤུས་ཧྭ་ཡིས“དེ་ནི་གནད་དོན་ཤེས་རྟོགས་དང་། བརྒྱུད་བཤུག་ཐག་གཅོད། ལན་སྤྲོད་འཚམ་ལན་བཅས་ཀྱི་ལས་ཀའི་བྱ་ཐབས་ཡག་པོ་ཞིག་རེད། མངགས་སྐྱེལ་བས་འགྲོ་ཞོར་དུ་པར་བརྒྱབ་ནས་གནད་དོན་དུས་ཐོག་ཏུ་ཚོགས་སྤྱིའི་ནང་གཏོང་བ་དང་། བསྡུ་རུབ་ལེགས་སྒྲིག་བྱས་རྗེས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་དང་འགན་ནུས་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་བསྐྱལ་རྗེས། སྒྲུབ་གཉེར་གནས་ཚུལ་ལ་རྗེས་འདེད་དང་འཚམས་ལན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་མཉམ་སྒུལ་ལམ་སྲོལ་ལ་སྤྱི་འདོམས་བྱས་ཏེ་སྡེ་ཚན་ཁག་དང་། ལས་རིགས་ཁག ས་ཚིགས་ཁག་བཅས་མཉམ་འདྲེས་བྱས་ནས་སྲོལ་རྒྱུན་བཅོས་སྐྱོང་གི་བཀག་རྒྱ་མེད་པར་བཟོས་ཡོད”ཅེས་ངོ་སྤྲོད་བྱས།
མིག་སྔའི་བར། རིམ་རྩིས་བརྒྱབ་ན་གནད་དོན་ཁག་63གོང་ཞུ་བྱས་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་11མེད་པར་བཟོ་རོགས་བྱས་ཏེ། གྲོང་ཁྱེར་གྱི་སྒྲིག་བཀོད་ལ་སྐྱོན་ཤོར་བ་ནས་ལམ་ངོས་སྒྲིག་ཆས་གཏོར་བཤིག་སོང་བ་སོགས་ཀྱི་ཞིབ་ཕྲའི་གནད་དོན་རེ་རེ་མཐོང་ཐུབ་པ་མ་ཟད་ཐག་གཅོད་ཀྱང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།