དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མེ་འཁོར་དུང་སྒྲ་དང་བཅས་མིག་མདུན་དུ་སྐྱོད་པ་ནས་ཁྱིམ་གྱི་སྒོ་རྩའི་འབབ་ཚུགས་ནས་མེ་འཁོར་ནང་འཛུལ་རྒྱུ་བྱུང་བའི་བར།

    ལྕགས་ལམ་རིང་མོར་འབབ་ཚུགས་ཆུང་ངུ་མང་། འགྲུལ་བཞུད་སྟབས་བདེས་དམངས་ཀྱི་སེམས་པ་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-06

    འདི་ནི་བྲག་སྨུག་འབབ་ཚུགས་ཀྱི་འགྲུལ་སྐྱེལ་བ་བཀྲ་ཤིས་སྐྱིད་འཛོམས་ཀྱིས་ཁ་བ་བུ་ཡུག་ཁྲོད་ལས་གནས་བརྟན་སྲུང་བྱེད་བཞིན་པ།

    ལོ་20ཡི་རིང་། འཁྱགས་ས་དང་གངས་རི་བརྒལ་བའི་རྒྱལ་ཁབ་ཆེན་པོའི་མཁའ་ལམ་སྟེ། མཚོ་བོད་ལྕགས་ལམ་གྱིས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ཡོད།

    “མ་ལམ”གྱི་འཕེལ་རྒྱས་ཆེན་པོ་དང་བསྡུར་ན། མི་སེམས་འགུལ་ཤོས་ཀྱི་འགྱུར་ལྡོག་ནི་མཁའ་ལམ་གྱི“མཇུག་སྣེར”གནས་ཡོད་པ་སྟེ། ཐོག་ཐོན་གཙང་པོ་དང་། མུ་ཏིག་ཚྭ་ཆུ་ཁ། བྲག་སྨུག་བཅས་ས་བབ་མཐོ་བའི་མེ་འཁོར་འབབ་ཚུགས་ཆུང་ངུ་གསུམ་གྱིས་ལོ་མང་རེ་སྒུག་བྱས་པ་བརྒྱུད། དེ་སྔོན་མེ་འཁོར་དུང་སྒྲ་དང་བཅས་མིག་མདུན་ནས་སྐྱོད་པའི“ལམ་བརྒྱུད་མཚོན་རྟགས”ནས་ད་ཆའི་འབྲོག་པ་ཁྱིམ་གྱི་སྒོ་རྩའི་འབབ་ཚུགས་ཆུང་ངུ“དམངས་འཚོའི་ས་ཚིགས”ནས་མེ་འཁོར་ནང་འཛུལ་རྒྱུ་བྱུང་བའི་བར་གྱི་འཕོ་འགྱུར་བྱུང་ཡོད།

    སྐར་མ་ཁ་ཤས་ཁ་བཀག་པ་དེས་ས་མཐོའི་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕར་རྩ་ཕྲ་མོ་ཤར་གཏོང་ཐུབ་པ་དང་འབབ་ཚུགས་ཆུང་ཡང་དམངས་འཚོའི་དྲོ་སྐྱིད་དང་འབྲེལ་བ་ཡོད་པས་གངས་ལྗོངས་ས་གཞི་ཆེ་མོར་མི་སེམས་འགུལ་བའི་དམངས་འཚོའི་རྒྱུགས་ལན་ཞིག་ཕུལ་ཡོད།

    ལོ་19ཡི་རེ་སྒུག

    ད་ལོ་ལོ་54ལ་སླེབས་པའི་བྲག་སྨུག་གྲོང་རྡལ་མུ་ནེ་ས་དམར་གྲོང་ཚོའི་ཡུལ་མི་བདེ་སྐྱིད་ཀྱི་ངོས་ནས་བརྗོད་ན། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་རྣམ་པ་དུས་ད་ལྟའང་སེམས་ལ་གསལ་པོར་དྲན་པ་སྟེ། སྐབས་དེ་དུས་ཁོང་གིས་རང་ཁྱིམ་སྒོ་འགྲམ་གྱི་རྩྭ་རར་ལངས་ནས་མེ་འཁོར་གདང་ལའི་རི་འདབས་ཀྱི་འཁྱགས་སའི་སྟེང་ཐེངས་དང་པོར་སྐྱོད་པ་མིག་མཐོང་ལག་ཟིན་ཐུབ་ཅིང་། དེ་དུས་སེམས་ནང་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ་བརྗོད་པར་དཀའ་བའི་སེམས་སྡུག་ཀྱང་ངེས་ཅན་ཞིག་བྱུང་བ་སྟེ“མེ་འཁོར་ཤར་གཏོང་ཐུབ་མོད། འོན་ཀྱང་འདི་གར་མེ་འཁོར་ཁ་འགོག་གི་མེད་པ”དེ་རེད།

    བདེ་སྐྱིད་ཀྱི་སྐད་ཆ་དེ་ལས་ལམ་རྒྱུད་འབྲོག་པའི་ཐུན་མོང་གི་བསམ་འདུན་མཚོན་གྱི་ཡོད་ཅིང་། མིག་མདུན་གྱི་ལྕགས་ལམ་དེ་འབྲོག་པས་མཐོང་ཐུབ་ཀྱང་རེག་མི་ཐུབ་པའི་ལྕགས་ལམ་ལ་གྱུར་ཡོད།

    2006ལོར་དུས་གཅིག་ཏུ་མེ་འཁོར་ཤར་གཏོང་ཐུབ་པའི་འབབ་ཚུགས་ཆུང་ངུ་དེས་ལོ་19ཡི་རིང་ཐོག་མཐའ་བར་གསུམ་དུ་མེ་འཁོར་ཕན་ཚུན་ལམ་གཡོལ་བྱེད་པར་ཞབས་འདེགས་ཞུ་བཞིན་ཡོད་པ་དང་། ཉིན་ལྟར་མེ་འཁོར་ཐེངས་གྲངས་བཅུ་ལྷག་ཙམ་ཕར་འགྲོ་ཚུར་འོང་བྱེད་ཀྱང་གནས་སྐབས་ཁ་འགོག་མྱོང་གཏན་ནས་མེད།

    “སྔོན་ཆད་ཨ་མདོ་རྫོང་གྲོང་དུ་ཅ་ལག་ཉོ་བ་དང་ནད་གཞི་བསྟེན་པར་འགྲོ་སྐབས་རྒྱལ་ལམ་109བརྒྱུད་དེ་གདང་ལའི་ལ་ཉག་སྒྲོལ་བར་ཆུ་ཚོད་ལྔ་དྲུག་ཙམ་འགོར་གྱི་ཡོད། གལ་སྲིད་ཁ་བ་བུ་ཡུག་འཚུབ་ཚེ་རླངས་འཁོར་འགག་པ་དང་མི་དང་རླངས་འཁོར་ལུང་སྟོང་དུ་ལུས་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད”ཅེས་བདེ་སྐྱིད་ཀྱིས་བརྗོད།

    ལམ་ཐག་རིང་བ་དང་སྔོན་དཔག་དཀའ་བའི་ལམ་བུའི་གནས་ཚུལ་ལས་འབྲོག་ཁུལ་གྱི་སློབ་མའི་སློབ་གཉེར་ལམ་བུ་དང་ཕྱི་ཕྱོགས་ཀྱི་གཉེན་ཉེ་མཉམ་འཛོམས་ཀྱི་ལམ་བུ་བཀག་པ་མ་ཟད། གྲོང་རྡལ་ཆུང་ངུའི་འཕེལ་རྒྱས་ཀྱི་གོམ་སྟབས་ལའང་འགོག་རྐྱེན་བཟོ་གི་ཡོད།

    སྐར་མ་དྲུག་སྡོད་རིང་།

    ག་དུས་སྒོ་འགྲམ་ནས་མེ་འཁོར་ལ་སྡོད་ཐུབ་པར། ས་གནས་དེ་གའི་འབྲོག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    ཁ་བ་བུ་ཡུག་ཁྲོད་ཀྱི་བསམ་འདུན་དེ་ད་ཆ་རིམ་བཞིན་མངོན་འགྱུར་བྱུང་ཡོད།

    2025ལོར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་ཨ་མདོ་རྫོང་མི་དམངས་སྲིད་གཞུང་གི་མཐུན་སྦྱོར་སྐུལ་འདེད་འོག བྲག་སྨུག་མེ་འཁོར་འབབ་ཚུགས་ཀྱི་སྒྲིག་བཀོད་རིམ་སྤོར་དང་མེ་འཁོར་གཏོང་བའི་ཇུས་གཞི་ལེགས་སུ་བཏང་བས། འབབ་ཚུགས་དེ་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ཆ་རྐྱེན་དངོས་སུ་འཛོམས་ཡོད།

    “མི་སེར་ཚོས་ལོ་19ཏག་ཏག་རེ་སྒུག་བྱས་མཐར། ད་ཆ་དངོས་སུ་རང་ཁྱིམ་གྱི་སྒོ་རྩ་ནས་མེ་འཁོར་ལ་སྡོད་རྒྱུ་བྱུང་སོང་། དེ་ནི་གྲོང་རྡལ་ཡོངས་ཀྱི་དམངས་འཚོའི་བསམ་འདུན་ཞིག་རེད”ཅེས་བྲག་སྨུག་གྲོང་རྡལ་གྱི་ཀྲེན་ཀྲང་ཁྲེན་གཡོད་ཀྱིས་བརྗོད།

    ལོ་དེའི་ཟླ་12ཚེས་11ཉིན། མེ་འཁོར་དང་པོ་ས་བབ་སྨི་4721ཟིན་པའི་འབབ་ཚུགས་སུ་བདེ་བླག་ངང་འབྱོར་ཞིང་། ས་གནས་དེ་གའི་འབྲོག་པས་གཟབ་མཆོར་ལེགས་པར་སྤྲས་པ་དང་ལག་ཏུ་ཁ་བཏགས་འཁྱེར་ཏེ་མཛད་སྒོ་གཟབ་རྒྱས་འཚོགས་ནས་མེ་འཁོར་ལ་བསུ་བ་ཞུས།

    ད་ཆ་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་མེ་འཁོར་འབབ་ཚུགས་ཏེ། བྲག་སྨུག་ཏུ་ཉིན་ལྟར་མེ་འཁོར་ཐེངས་གཉིས་འབྱོར་གྱི་ཡོད་ཅིང་། གཅིག་གིས་ཐེངས་རེར་སྐར་མ་4དང་གཅིག་ཤོས་དེས་ཐེངས་རེར་སྐར་མ་2ཁ་བཀག་གི་ཡོད།

    དུས་ཐུང་སྐར་མ་6ནི་ཕྱི་མིས་བལྟས་ཚེ་གླེང་རིན་མེད་པ་ལྟ་བུར་སྣང་ཡང་། དེ་ལས་བྲག་སྨུག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་12ཚེས་11ཉིན་འགྲུལ་སྐྱེལ་ལས་སྒོ་གཉེར་ཚུན། བྲག་སྨུག་འབབ་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་3.5ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད་ཅིང་། མིག་སྔར་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་115ཟིན་གྱི་ཡོད།

    སྐར་མ་6ནི་མེ་འཁོར་ཁ་བཀག་པའི་དུས་ཚོད་ཙམ་མ་ཟད། བྲག་སྨུག་ཏུ་དངོས་སུ་འབྱོར་ཐུབ་པའི་འགྱུར་ལྡོག་ཅིག་དེ་བས་རེད།

    སྔོན་ཆད་ལམ་ཐག་སྤྱི་ལེ་185ཡོད་པར་གེགས་མེད་ཤར་གཏོང་ཐུབ་ཀྱང་འགྲོ་ལམ་ཀྱག་ཀྱོག་བརྒྱུད་ནས་ཆུ་ཚོད་ལྔ་དྲུག་ལ་བསྐྱོད་དགོས་པ་དང་། ཁ་བ་བུ་ཡུག་དབང་གིས་འགྲོ་ལམ་འགག་ཚེ་འགྲོ་ཡུན་དེ་བས་རིང་བ་འགོར་གྱི་ཡོད། ད་ཆ་མེ་འཁོར་དུས་ཐུང་ཆུ་ཚོད་གཉིས་དང་ཕྱེད་ཀའི་ནང་འབྱོར་གྱི་ཡོད་ཅིང་། འགྲོ་ལམ་བརྟན་ལ་བདེ་འཇགས་ལྡན་པ་དང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་མེད། སྒོར་28.5ཡི་སྤ་སེའི་རིན་གོང་ཡང་འབྲོག་པ་ཚོས་དང་ལེན་ཐུབ་པ་ཞིག་རེད།

    མི་གཅིག་གིས་ལས་རེས་བརྟན་སྲུང་།

    བྲག་སྨུག་འབབ་ཚུགས་སུ་འགྲུལ་སྐྱེལ་བ་གཉིས་ལས་མེད་པས་རེས་མོས་ངང་ལས་རེས་བྱས་ཏེ་ཉིན་15རེར་བརྗེ་པོ་རྒྱག་གི་ཡོད་ལ། འགྲུལ་པར་སྣེ་ཁྲིད་དང་བདེ་འཇགས་སྲུང་སྐྱོང་ཚང་མ་ཉིན་དེའི་ལས་རེས་འགྲུལ་སྐྱེལ་བས་འགན་འཁུར་གྱི་ཡོད།

    བཀྲ་ཤིས་སྐྱིད་འཛོམས་ནི་ཆབ་མདོ་གྲོང་ཁྱེར་ནས་ཡིན་པའི་འགྲུལ་སྐྱེལ་བ་ཞིག་རེད།

    ལས་གནས་ཐོག་བསྐྱོད་རྗེས། བཀྲ་ཤིས་སྐྱིད་འཛོམས་ཀྱིས་རང་ཉིད་གཅིག་པུས་འབབ་ཚུགས་ཀྱི་འགོག་སྲུང་དང་། འགྲུལ་པར་ལམ་སྟོན། སྤ་སེ་འཚོང་བ་དང་བློ་འདྲི་སོགས་འབབ་ཚུགས་ཀྱི་ལས་ཀ་ཚང་མའི་འགན་འཁུར་གྱི་ཡོད། གྲང་རླུང་འུར་འུར་དུ་ལྡང་ལ་གསོ་རླུང་ཧ་ཅང་དཀོན་ནའང་ཉིན་15ཡི་ཁེར་རྐྱང་གི་ལས་རེས་ནི་རྒྱུན་རྣམ་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་འཁང་ར་གཏན་ནས་བྱེད་མྱོང་མེད།

    ལས་གནས་སུ་འབྱོར་མ་ཐག་པའི་དུས་ཚོད་ནི་བཀྲ་ཤིས་སྐྱིད་འཛོམས་ཀྱི་ངོས་ནས་བརྗོད་ན་དཀའ་ངལ་ཆེ་ཤོས་ཀྱི་དུས་ཡིན་ཞིང་། “སླེབས་མ་ཐག་པའི་སྐབས་སུ་གནམ་གཤིས་ཧ་ཅང་གྲང་མོ་ཡོད་ལ། ས་མཐོར་གསོ་རླུང་མི་འདང་བའི་གནས་ཚུལ་མངོན་གསལ་དོད་པས་དགོང་མོ་རྟག་ཏུ་གཉིད་ཡག་པོ་ཁུག་གི་མིན་འདུག མེ་འཁོར་ཐེངས་རེ་རེ་དེ་ནས་ཁ་བྲལ་རྗེས་རྒྱ་ཆེ་བའི་འབབ་ཚུགས་སུ་རང་ཉིད་གཅིག་པུས་ལས་རེས་བྱེད་དགོས་པས་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་ཁོང་གིས་དྲང་པོར་བརྗོད།

    དཀའ་ཚེགས་དང་ཁེར་རྐྱང་གི་ཚོར་བ་དག་འབྲོག་པའི་དྲོ་སྐྱིད་དང་སེམས་རྩ་འཁོལ་པོ་ལས་ཞི་བར་གྱུར་ཅིང་། “ཡུལ་མི་སྤུན་ཟླ་ཚོ་བདེ་བླག་བདེ་འཇགས་ངང་མེ་འཁོར་དུ་བསྡད་པ་དང་། ཁོང་ཚོས་ལྷག་བསམ་ཟོལ་མེད་ངང་ང་ལ་ཐུགས་རྗེ་ཆེ་ཞུ་རིམ་བཞིན་ངའི་སེམས་ནང་དྲོ་སྐྱིད་ཆེན་པོ་ཚོར་ནས། མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་ས་རེད་སྙམ་གྱི་འདུག”ཅེས་བཀྲ་ཤིས་སྐྱིད་འཛོམས་ཀྱིས་བཤད།

    ས་སྲོད་ཀྱི་མཚམས་སུ་མེ་འཁོར་མཇུག་ཤོས་དེ་ནས་ཐོན་སྐབས་བཀྲ་ཤིས་སྐྱིད་འཛོམས་ས་བབ་སྨི་4721ཡོད་པའི་འབབ་ཚུགས་སུ་ལངས་ནས་གཡུ་འབྲུག་སྔོན་མོ་འཁྱུག་པ་ལྟར་གྱི་མེ་འཁོར་གདང་ལའི་ཕྱོགས་སུ་བསྐྱོད་པར་མིག་ཟུང་གིས་སྐྱེལ་མ་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།