མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟླ་བ་འདི་ནས་བཟུང་ལག་ལེན་བསྟར་བ།
མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། ད་ལོའི་ཟླ་3ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནི་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དང་། མི་རིགས་ལས་དོན་ཐག་གཅོད། མི་རིགས་ལས་དོན་སྒྲུབ་པ་བཅས་ཀྱི་གཞི་རྩའི་བཅའ་ཁྲིམས་ཤིག་རེད” རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སྲིད་ཇུས་ཁྲིམས་སྲོལ་སིའི་འབྲེལ་ཡོད་འགན་འཁུར་བས། བཅའ་ཁྲིམས་འདིའི་ནང་སྤྱི་དམངས་སྒེར་དང་། རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་གཞུང་ལས་པ། རིམ་ཁག་མི་དམངས་འཐུས་ཚོགས། མང་ཚོགས་ཚོགས་པའི་རྩ་འཛུགས། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། ཆོས་ལུགས་ཚོགས་པ། གཞི་རིམ་མང་ཚོགས་རང་སྐྱོང་རྩ་འཛུགས། དམག་དཔུང་སོགས་བྱེད་པོའི་དབང་ཆ་དང་། འོས་འགན། འགན་འཁྲིའི་བླང་བྱ་བཅས་ཁ་གསལ་བཏོན་ཡོད་ཅེས་ངོ་སྤྲོད་བྱས།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད་པས་དངོས་སྒྲུབ་གོ་ཆོད་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ཡོད” ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡན་ཆིང་གིས་དབྱེ་ཞིབ་བྱས་པར། དཔེར་ན་ལེའུ་གཉིས་པ“ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ”ཞེས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་དུ་བྱས་ནས“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་ཡང་དག་པའི“ལྟ་བ་ལྔ”འཛུགས་རྒྱུ་ཁ་གསལ་བཟོས་པ་དང་འབྲེལ་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་དང་། སྐད་ཡིག སློབ་གྲྭའི་སློབ་གསོ། རིགས་པའི་གཞུང་ལུགས་ཞིབ་འཇུག དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་འབྲེལ་ཡོད་ལམ་སྲོལ་དང་གཞི་རྟེན་གཏན་འབེབས་བྱས་ཡོད། “‘ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི’བརྗོད་དོན་གཙོ་བོ་དང་དམིགས་ཚད་དེ་བས་ཁ་གསལ་ཅན་དང་ཞིབ་ཕྲ་ཅན་དུ་གྱུར་པ་དེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཤེས་རྟོགས་དང་། ཁྱབ་སྤེལ། ལག་བསྟར་བཅས་བྱེད་པར་དེ་བས་ཕན་ཐོགས་ཡོད”ཅེས་ཡན་ཆིང་གིས་བཤད།
“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བཅའ་ཁྲིམས་དེའི་ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བསྒར་རེས་རྣམ་པའི་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་དབར་དང་མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་དབར་ས་ཁོངས་ལས་བརྒལ་བའི་ལས་ཞུགས་ལས་གཏོད་ཀྱི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱེད་དགོས་པ་ཁ་གསལ་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་གི་མཐོ་རིམ་སློབ་གྲྭ་ཕྱོགས་གཉིས་ཀྱིས་ས་ཁོངས་ལས་བརྒལ་ནས་སློབ་མ་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་དགོས”ཞེས་ཡན་ཆིང་གིས་བཤད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལམ་སྲོལ་དང་ཁྱད་པར་ཅན་གྱི་ས་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་སོགས་རོགས་སྐྱོར་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད” ཡན་ཆིང་གིས་གཞི་ཆེའི་སྤྱི་འདོམས་དང་། གནད་སྨིན་རྒྱབ་སྐྱོར། རོགས་སྐྱོར་མཉམ་ལས་བཅས་ཀྱི“ཐབས་མང་མཉམ་སྤྱོད”བྱས་ཏེ་ཕུགས་ཕན་ཅན་དང་མ་ལག་ཅན་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།