ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པས་ངོ་མཚར་ཆེ་བའི“མཁའ་ལམ”ཉམས་ལེན་བྱས་པ།

འདི་ནི་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མིས་ལྕགས་ལམ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་གནད་དོན་སྐོར་དྲི་བ་འདོན་བཞིན་པ།

འདི་ནི་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མི་Y840རྟགས་ཅན་གྱི་མེ་འཁོར་ལ་བསྡད་དེ་ལྷ་ས་ནས་ཟི་ལིང་དུ་བསྐྱོད་པ་དང་ལམ་བར་དུ་ཡངས་པ་ཅན་གྱི་ཕུག་ལམ་སྣ་ཚོགས་སྐོར་གྱི་ངོ་སྤྲོད་ཉན་བཞིན་པ།

འདི་ནི་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མིས་ཟི་ལིང་མེ་འཁོར་དུམ་བུའི་འགྲུལ་སྐྱེལ་མེ་འཁོར་ཞིབ་བཤེར་ཉམས་བཟོ་འཁོར་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་22ཉིན་ནས་ཚེས་26ཉིན་བར། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་དུ“ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པ་མཚོ་བོད་ས་མཐོར་སྐྱོད་པའི”བྱེད་སྒོ་སྤེལ་ཞིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལྕགས་ལམ་འགྲིམ་འགྲུལ་གཙོ་གཉེར་སྡེ་ཚན་གྱི་དཔོན་རིགས་དང་ལྕགས་ལམ་གཉེར་སྐྱོང་དོ་དམ་སྡེ་ཚན་གྱི་འཐུས་མི་20ཙམ་བོད་ལྗོངས་དང་མཚོ་སྔོན་དུ་འཚམས་འདྲི་བྱེད་པར་གདན་དྲངས་པ་རེད།
བྱེད་སྒོའི་རིང་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པ་སྒྲིག་འཛུགས་བྱས་ཏེ་མེ་འཁོར་ལ་སྡོད་པ་དང་། ས་གནས་ས་ཐོག་ཏུ་ལྟ་སྐོར་འཚམས་འདྲི། སྤེལ་རེས་བཞུགས་མོལ་སོགས་ཀྱི་རྣམ་པའི་ཐོག་ནས་མཚོ་བོད་ལྕགས་ལམ་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཀྲུང་ཧྥེའི་ལྕགས་ལམ་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་སྦྲེལ་ཐག་མུ་མཐུད་དམ་དུ་བཏང་བ་རེད།
ཟླ་6ཚེས་23ཉིན་ལྷ་སར་རྣམ་པ་གསར་གཏོད་ཀྱི་ལྕགས་ལམ་འཛུགས་སྐྲུན་དང་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཤིང་། ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མི་ཚོས་བོད་རང་སྐྱོང་ལྗོངས་དང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་སོགས་ནས་ཡོང་བའི་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་དང་བགྲོ་གླེང་སྤེལ་རེས་བྱས་པ་རེད།
ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་བདེ་འཇགས་ཐོན་སྐྱེད་བཀོད་འདོམས་ལྟེ་གནས་དང་། ལྷ་ས་མེ་འཁོར་ལེགས་སྒྲིག་ལྟེ་གནས། ཟི་ལིང་མེ་འཁོར་དུམ་བུ་འགྲུལ་སྐྱེལ་མེ་འཁོར་ཞིབ་བཟོ་འཁོར་ཁང་། ཟི་ལིང་མེ་འཁོར་དུམ་བུ་ཤུགས་འགྲེམས་མེ་འཁོར་བཀོལ་སྤྱོད་འཁོར་ཁང་སོགས། ལྷ་ས་ནས་ཟི་ལིང་བར་དུ་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མི་ཚོས་ས་གནས་ས་ཐོག་ཏུ་ལྟ་སྐོར་འཚམས་འདྲི་བརྒྱུད་ནས“མཁའ་ལམ”དེར་འདུས་པའི་ཀྲུང་གོའི་བློ་གྲོས་སྔར་བས་ཤེས་རྟོགས་བྱས་ཡོད།
ཐན་ཙན་ནི་ཡ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ས་ཏི་ཅི·མིང་ཅ་ཡིས། “མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་། གཉེར་སྐྱོང་། ཉམས་བཟོ་སོགས་ཐད་ཀྲུང་གོ་ཕྱོགས་ཀྱིས་གྲངས་འཛིན་ཅན་གྱི་བྱེད་ཐབས་འབོར་ཆེན་དོན་འཁྱོལ་བྱས་པས་ལག་རྩལ་ཧ་ཅང་སྔོན་ཐོན་རེད། ན་ནིང་ཟླ་11པར་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག་ཐན་ཙན་ནི་ཡའི་ལྕགས་ལམ་སྒྱུར་བཀོད་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ཡོད། སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཨ་ཧྥེ་རི་ཁར་ནང་འདྲེན་བྱས་ཏེ་ཧྥེ་ཀྲུང་གི་མཛའ་གྲོགས་གཅིག་ཏུ་འདུས་པའི་ལྕགས་ལམ་དེར་སླར་ཡང་གསོན་ཤུགས་རྒྱས་པའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
ཟླ་6ཚེས་24ཉིན་གྱི་སྔ་དྲོར། ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མི་ཚོས་ལྷ་ས་ནས་ཟི་ལིང་དུ་སྐྱོད་པའི་མེ་འཁོར་ལ་བསྡད་དེ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་མཚམས་སུ་ངོ་མཚར་ཆེ་བའི“མཁའ་ལམ”དེར་ཉམས་ལེན་གཏིང་ཟབ་བྱས་ཡོད།
མཚོ་ནག་དང་། གདང་ལ། ཁུ་ཁུ་ཤིས་རི་སོགས། ཆུ་ཚོད་22ཙམ་གྱི་འགྲུལ་བཞུད་ཁྲོད་ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མི་ཚོས་ལམ་བར་དུ་མཚོ་བོད་ས་མཐོའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་ཉམས་སུ་མྱངས་པ་མ་ཟད། འཛམ་གླིང་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་གྱི་དཔང་པོའང་བྱས་ཡོད།
འབྲོང་དང་རྐྱང་སོགས་མཚོ་བོད་ལྕགས་ལམ་རྒྱུད་དུ་འཚོ་གནས་བྱེད་པའི་རི་སྐྱེས་སྲོག་ཆགས་ལས་ཁེན་ནི་ཡའི་ལྕགས་ལམ་ཅུས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཨའེ་ཏེ་ཅ·ལུའུ་ཀུང་ཙུའོ་ལ་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་གིས“ཁེན་ནི་ཡར་ལྕགས་ལམ་སྐྲུན་པར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱ་རྒྱུ་དེའང་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ལམ་བར་དུ་ལྟ་ཞིབ་བྱས་པ་བརྒྱུད་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་གདོད་མའི་སྔོ་ཁེབས་མང་ཆེ་བ་སོར་འཇོག་ཡག་པོ་ཐུབ་འདུག ལྕགས་ལམ་འཛུགས་སྐྲུན་ཁྲོད་ས་ངོས་ཀྱི་སྐྱེ་ཁམས་ལ་གང་བྱུང་དུ་གནོད་འཚེ་མི་གཏོང་བ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ཅེས་བརྗོད།
ད་ལོ་ནི་ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། “ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡང་རེད། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་དབན་མིང་གིས“ཕྱོགས་གཉིས་ཀྱིས་ལྕགས་ལམ་མཉམ་ལས་སྣེ་ཁྲིད་དུ་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱེད་པ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་པའི་གསོ་སྐྱོང་དམ་འཛིན་བྱ་གཞིར་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་ནུས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་སྦྲེལ་ཐག་ཏུ་བྱས་ནས་ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱེད་པའི་རེ་བ་ཡོད”ཅེས་གསུངས་པ་རེད།
བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཀྲུང་གོར་བཅའ་སྡོད་ཨེ་ཙེ་ཨོ་ཕི་ཡའི་གཞུང་ཚབ་ཆེ་མོ་བ་ཐ་ཧྥེ་ལ་ཡིས། མཚོ་བོད་ལྕགས་ལམ་ནི་མིའི་རིགས་ཀྱི་ལྕགས་ལམ་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་ཀྱི་ལས་གྲྭའི་བྱས་རྗེས་ངོ་མཚར་གྱི་གྲས་ཤིག་རེད། མཚོ་བོད་ལྕགས་ལམ་གྱི་ལག་རྩལ་འགག་སྒྲོལ་གྱིས་ཨ་ཧྥེ་རི་ཁའི་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཨ་ཧྥེ་རི་ཁའི་ལྕགས་ལམ་ཤེས་ལྡན་པའི་འཐུས་མིས་ད་ཐེངས་ཀྱི་མཚོ་བོད་ས་མཐོར་སྐྱོད་པའི་བྱེད་སྒོ་འགོ་འཛུགས་ས་གསར་པར་བྱས་ནས་ཧྥེ་ཀྲུང་ལྕགས་ལམ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཨ་ཧྥེ་རི་ཁའི་ལྕགས་ལམ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།