དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི“རིམ་འདས་གྲོང་འགྲན”གྱི་ཤུགས་རྐྱེན་ཧ་ཅང་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-05

    ཉེ་ཆར་ཀྲེ་ཅང་དབྱི་ཝུའུ་ཡི་འཛམ་གླིང་བུམ་པའི་གོ་ལ་ཧྲིལ་པོའི་IPགཞུང་ཕྱོགས་ཀྱིས་དབང་ཆ་སྤྲད་པའི་རིག་གནས་བསམ་བཀོད་ཐོན་རྫས་བྲིན་ཁ་རྒྱུག་ཅིང་། འདི་ནི་མོ་ཞི་ཁོ་ནས་ཡོང་བའི་ཕྱི་རྒྱལ་གྱི་ཚོང་པས(གཡོན་གྱི་དང་པོ་དང་གཉིས་པ)དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་ཅ་དངོས་ཉོ་བཞིན་པ།

    ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་དུ་ཚོང་ཟོག་སྣ་ཁ་མང་པོ་ཡོད་ཅིང་། ཆུང་བ་རྒྱན་ཆ་དང་རྩེད་ཆས་ནས་ཆེ་བ་འོག་འཇུག་དང་སྤོ་ལོའི་རིགས་ཡོད་པའི་ཁར། འཛམ་གླིང་བུམ་པའི་བཀྲ་ཤིས་ནོར་གཡང་ཡང་གང་དགོས་འཛོམས་ཡོད། ཀྲུང་གོས་རང་ངོས་ཀྱི་བཟོ་ལས་སྟོབས་ཤུགས་ཆེན་པོར་བརྟེན་ནས་འཛམ་གླིང་བུམ་པའི་ནང་ཞུགས་ཤིང་། འཛད་སྤྱོད་པས་ཉོས་པའི་དྲན་རྟེན་དངོས་རྫས་དང་། རྐང་རྩེད་སྤོ་ལོ། བཀྲ་ཤིས་གཡང་ནོར་སོགས་ཀྱང་དབྱི་ཝུའུ་ཡིས་བཟོས་པ་ཡིན་སྲིད།

    རྐང་རྩེད་སྤོ་ལོ་ནི་ཀྲུང་གོར་མཚོན་ན་འབྲེལ་ཡོད་ཀྱི་ཐོན་རྫས་དང་ཐོན་ལས་ཁོ་ན་ཙམ་མིན། གྲོང་གསེབ་དང་དེ་བཞིན་གྲོང་ཁྱེར་དུ་ལུས་རྩལ་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་འགྲན་བསྡུར་ཁག་གིས་ལུས་རྩལ་དང་། ས་གནས་ཀྱི་ཁྱད་ཆོས་མཚོན་རྟགས། དགའ་སྟོན་བྱེད་སྒོ་བཅས་གཞི་གཅིག་ཏུ་འདྲེས་པར་བྱས་ནས་རྐང་རྩེད་སྤོ་ལོར་ཐུན་མོང་མ་ཡིན་པའི་གསོན་ཤུགས་སྦྱིན་ཡོད། “རིམ་འདས་གྲོང་འགྲན”ནི་དཔེ་མཚོན་ཞིག་ཡིན་པ་དང་། ད་དུང་ས་ཁུལ་དང་ཞིང་ཆེན་རིམ་པའི་རིམ་མཚུངས་མཉམ་འགྲན་ལ་ཡང་ཅང་སུའུ་དང་སི་ཁྲོན་གྱི་མཉམ་འགྲན་ལྟ་བུ་ཡོད། སྤོ་ལོ་ཐང་དང་སྡེ་ཁུལ་གྱི་ས་ཆ་དེ་སྤྱི་ཚོགས་འབྲེལ་འདྲིས་མཉམ་འཛོམས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་གྱུར་ནས་ལྟ་སྟེགས་དང་། སིལ་ཟས་ཁྲོམ་བཀྱག རང་ཡུལ་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་འཚོང་ས་བཅས་བཙུགས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། “རྐང་རྩེད་སྤོ་ལོ་དང་རང་ཡུལ་གྱི་རིག་གནས་ཟུང་འབྲེལ”གྱིས་མི་སེམས་གཅིག་སྒྲིལ་དང་། མི་ཚོགས་འདུ་འཛོམས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱུང་བ་མ་ཟད། ད་དུང་མི་རྣམས་ཀྱི་གཏོགས་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཀྲུང་གོར་རྐང་རྩེད་སྤོ་ལོ་ནི་རིག་གནས་ཀྱི་གཞི་རྟེན་དང་། སྤྲོ་གསེང་བྱེད་སྟངས། སློབ་གསོའི་ཐབས་ལམ། ས་གནས་འཕེལ་རྒྱས་ལ་གཞོགས་འདེགས་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད། ས་ཁུལ་གྱི་མཉམ་འགྲན་དང་སྡེ་ཁུལ་གྱི་འགྲན་བསྡུར་ནང་རྐང་རྩེད་སྤོ་ལོའི་ཁྲོད་ཞུགས་མཁན་མི་ཚོགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་བཏང་ནས། ལོ་ཆུང་བྱིས་པ་དང་ན་གཞོན་ཞུགས་སེམས་འཕེལ་བར་བྱས་ཏེ་ཆེད་ལས་རྩལ་འགྲན་ལས་ཆེས་ཆེར་བརྒལ་བའི་རྐང་རྩེད་སྤོ་ལོའི་རིག་གནས་ཤིག་ཆགས་པར་གཞོལ་ཡོད། རྐང་རྩེད་སྤོ་ལོའི་རིག་གནས་ཆ་ཚང་དེ་ཉིད་གསོ་སྐྱོང་ཏན་ཏིག་བྱེད་པར་ཆེད་ལས་ཀྱི་སྤོ་ལོ་ཐང་ལ་བརྟེན་དགོས་ལ། ཤང་གྲོང་དང་གྲོང་ཁྱེར་ཆུང་ངུའི་སྤོ་ལོ་ཐང་དཀྱུས་མར་ཡང་རྩ་བ་འཛུགས་དགོས།

    —— པར་ཙིར་གྱི《GGN》དུས་དེབ་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།