“བརྩེ་སེམས་བཅངས་ནས་བྱ་བ་སྒྲུབ་དགོས”
—— རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་སྐོར་གྱི་རིམ་སྤེལ་སྒྲིལ་གླེང་ཉེར་གཉིས་པ།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་གཅིག་གྱུར་བཀོད་སྒྲིག་འོག ཞིང་འབྲོག་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཞིང་ནང་དང་མུ་ཁར་བསྐྱོད་པ་དང་། ཚན་རྩལ་པས་ཚོད་ལྟ་ཁང་རི་མཐོའི་འབྲོག་རར་སྤོས་པ། རྫོང་དང་ཆུས་ཁག་གིས“གསལ་ཐོ་གསུམ”གཞིར་བཟུང་རང་བཤེར་དང་དག་ཐེར་བྱས་པ་ལ་སོགས། ལས་བྱེད་པས་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་བའི་ཕན་འབྲས་དེ། ཞིང་འབྲོག་མང་ཚོགས་ཀྱི་རྩིས་ཐོའི་ནང་གི་དངོས་དངོས་རྗེན་རྗེན་གྱི་གྲངས་ཀར་གྱུར་པ་སྟེ། ན་ནིང་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་རེར་ཆ་སྙོམས་བྱས་ན་9.7%འཕར་བ། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་115ཟིན་པ་དང་ནས་ཀྱི་ཐོན་འབབ་ཏུན་ཁྲི་90ལས་ཐོག་མར་བརྒལ་བ་བཅས་རེད།
ལྷག་བསམ་ཟོལ་མེད་ཀྱིས་གནད་དོན་ཐག་གཅོད་བྱས་པ།
“གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་གནས་ཚུལ་མཐིལ་རྟོགས་བྱས་ནས་ཐབས་ཇུས་འདོན་པ་ནི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་བྱེད་པའི་རྒྱུན་གཏན་གྱི་བྱེད་སྟངས་ཤིག་རེད” ཟླ་5ཚེས་29ཉིན། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི“ཀྲི་པུའི་ཧྲུའུ་ཅི(ཁྲུའུ་ཀྲང)ཡི་འཆད་སྟེགས”སུ་མི་དོན་ཁྲུའི་ཁྲུའུ་ཀྲང་ཝང་ཅན་ཅུན་གྱིས། གླེང་སྟེགས་འདི་ནི་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་སློབ་སྦྱོང་སློབ་གསོའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ཞེས་བརྗོད་པ་རེད། ཟླ་3པ་ནས་བཟུང་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་མི་སྒེར་གྱི་རང་སྦྱོང་དང་། ཞིབ་བསྡུར་སྤེལ་རེས། རིགས་གཅིག་མཁས་ཅན་གྱི་ཟུར་ཁྲིད་སོགས་ཀྱི་རྣམ་པ་སྤྱད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་དེ་མི་སྣ་ཡོངས་ལ་ཁྱབ་ཡོད།
སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཀྱི་འགག་རྩ་ནི“ཞིབ་བཤེར”དང་གཙོ་གནད་ནི“དག་ཐེར”ལ་ཐུག་ཡོད། ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས“ལྟ་བསྡུར་གསུམ”གྱི་བླང་བྱ་གཞིར་བཟུང་། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་བཙལ་འཚོལ་གཏིང་ཟབ་བྱས་ཏེ། 《སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་སྐོར་གྱི་གནད་དོན་གཙོ་བོའི་གསལ་ཐོ》བཟོས་པ་དང་། དག་ཐེར་ཡོ་བསྲང་གི་དམིགས་ཚད་དང་། བྱ་ཐབས། འགན་འཁུར་བ། དུས་བཀག་བཅས་རེ་རེ་བཞིན་ཁ་གསལ་བཟོས་པ། ཟུར་བཙུགས་རྩིས་ཁྲ་དོ་དམ་དང་མེད་པ་བཟོ་བར་སྐུལ་འདེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཞིང་འཕྲུལ་འགན་བཅོལ་སྒྱུར་བཅོས་ལས་དོན་དེ་དམངས་འཚོའི་གཙོ་གནད་དུ་བཟུང་སྟེ། ཟླ་3པའི་ཟླ་དཀྱིལ་དུ་བོད་ཀྱི་འདྲུད་འཐེན་འཕྲུལ་འཁོར་7འགན་བཅོལ་ནང་ཞུགས་པའི་འགན་འཛིན་ཁག་དང་པོ་སྤྲད་པ་བརྒྱུད་ས་གནས་དེ་གའི་ཞིང་འཕྲུལ་འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་ནང་ཞུགས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
མ་དངུལ་བཏང་ནས་དམངས་འཚོ་ལེཌ་སུ་བཏང་བ།
“ད་ཆ་ངར་ཟླ་རེར་གླ་ཆ་སྒོར་7500ལེན་རྒྱུ་འདུག ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པས་ད་ཆའི་འཚོ་བར་ཚང་མ་བློ་ཡིད་ཚིམ་པོ་བྱུང་འདུག” ཟླ་6ཚེས་7ཉིན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་མེ་ཏོག་ཧུང་ཀྲང་འདེབས་འཛུགས་རྟེན་གཞིར་ལོ་37ལ་སླེབས་པའི་ཨ་ནན་གྱིས་ཡོང་འབབ་མང་ཉུང་རྩིས་ཤིག་བརྒྱབ་པ་རེད།
གླིང་ཁུལ་དང་། ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་རྟེན་གཞི་དེའི་2025ལོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་5177ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་27.1%འཕར་བ་དང་། ཞིང་འབྲོག་པ་865ལས་ཞུགས་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་པ། མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.6བྱུང་ཡོད།
ཟླ་4ཚེས་7ཉིན། 《2026ལོའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》བཏོན་ནས་ལག་ལེན་བསྟར་བ་དང་། རྫོང་ཁོངས་དཔལ་འབྱོར་གོང་མཐོར་དང་། སྲིད་ཇུས་མཁོ་སྤྲོད། གྲུབ་ཆ་ལེགས་སྒྲིག འབབ་འཕར་སྣེ་ཁྲིད། འབབ་འཕར་འགག་སྒྲོལ། འབབ་འཕར་ཤུགས་སྣོན། གཙོ་གནད་ཤང་གྲོང་ལ་རོགས་སྐྱོར་བཅས་ཀྱི“བྱ་སྤྱོད་ཆེན་པོ་བདུན”བཏོན་པ། རྫོང་6གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2མ་ཟིན་པ་དང་། རྫོང་19ཡི་འཕར་ཚད་7%མ་ཟིན་པ། ཤང་དང་གྲོང་རྡལ་56ཏུ་སྒོར་ཁྲི་2མ་ཟིན་པ་བཅས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས“རྫོང་རེར་ཐབས་ཇུས་རེ”དང“གཅིག་གཏད་གཅིག”གི་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་ལས་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་254.6བཏང་ནས་ཞིང་པར་འབྲེལ་གཏུག་དང་ཞིང་པར་སྣེ་ཁྲིད་ཀྱི་ཕན་འབྲས་ཆེ་བ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བ། དཔལ་འབྱོར་གྱི་ཕན་འབྲས་ལེགས་པ་བཅས་ཀྱི་རོགས་སྐྱོར་ཐོན་ལས་ཁག་གཅིག་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་དེ་དག་ཞིང་འབྲོག་པའི་རྩིས་ཐོའི་ཐོག་གི་འཕར་སྣོན་བྱུང་བའི་ཡོང་འབབ་ཏུ་གྱུར་ཡོད།
ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་ལ་དམ་འཛིན་བྱས་པ།
2024ལོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་2500བཏང་ནས་སྟེང་མཐོང་གྲོང་ཚོའི་མཛེས་མཐུན་གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་བསྐྲུན་ཞིང་། དེ་ལས་ཆུ་གློག་ལམ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཚད་རིམ་གཉིས་སྤོར་བྱུང་བ་དང་སྔོ་འགྱུར་མཛེས་བཟོ་དང་། མི་ཕྱུགས་ལོགས་དབྱེ། བཙོག་ཆུ་གཙང་སིང་སོགས་ཀྱི་ལས་གྲྭ་བརྒྱུད་གྲོང་ཚོའི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000བསྐྲུན་པ་དང་། གྲོང་གསེབ་ཀྱི་དུད་ཚང་དུ་གསང་སྤྱོད་ཁྱབ་ཚད་དང་མི་ཕྱུགས་ལོགས་སུ་དབྱེ་ཚད་84.41%དང་98.95%སོ་སོར་ཟིན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་སྣུར་སྲིང་དང་ཁྱབ་འགྱེད་སྔར་བས་བྱུང་སྟེ་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད།
2024ལོའི་ཟླ་10པར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོ་ཡོངས་ཀྱི་ཡུལ་མི་དུད་ཚང་67མཉམ་དུ་སྡོད་ཁང་གསར་པར་སྤོས་ཤིང་། སྡོད་ཁང་གསར་པར་དཀར་ཆ་དོད་པ་དང་ཆུ་གློག་ཐབ་ཚང་ཆ་ཚང་བས་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད། གྲོང་ཚོ་དེས་སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་མང་ཚོགས་ཀྱིས་རང་མོས་ཞུགས་པའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཕྱུགས་རིགས་དང་ངལ་ནུས་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འབྲོག་ལས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། “གཅིག་གྱུར་དྲུག”གི་གཉེར་སྐྱོང་བྱེད་སྟངས་ལག་ལེན་བསྟར་ཏེ་གྲོང་ཚོ་13གྱི་མཉམ་སྡེབ་དཔལ་འབྱོར་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་བྱས་པ། ལོ་འདི་གའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད།
ད་ལོར། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་ཐབས་འགའ་ཞིག་བཟོས་པ་དང་། “ཤུགས་སྣོན་ལྔ་དང་མཐོར་གཏོང་ལྔའི”ལྟེ་བའི་ནང་དོན་ལ་དམིགས་ཏེ་བྱ་ཐབས་ཁག་20ཞིབ་ཚགས་སུ་བཏང་བ། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། གདུབ་ཟུམ་རྣམ་པའི་དོན་འཁྱོལ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།