སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བྱེད་ཐབས་སྣ་ཚོགས་བརྒྱུད་ཐད་གཏོང་ལྟ་ཉན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་པ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུར་ཕྱིར་གཟིགས་དང་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་མ་ཟད། འབད་འབུངས་མདུན་སྐྱོད་ཀྱི་འཆར་གཞི་ཡང་བཀོད་དེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་བསྣན་པའི་ངོས་འཛིན་བྱས་པ་རེད། ཚང་མས་སློབ་སྦྱོང་གི་གྲུབ་འབྲས་དེ་འགན་འཁྲི་སྒྲུབ་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་བྱས་ནས་ས་མཐོར་གཞི་ཚུགས་པ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་གི་མི་དམངས་གོང་དུ་བཀུར་བའི་བརྩེ་སེམས་ཟབ་མོས་ང་ཚོ་གཞི་རིམ་ཏང་ཡོན་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང”ཞེས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་རྒྱ་མ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་ཀྲུའུ་ཡིས་ཐད་གཏོང་བལྟས་རྗེས་སེམས་འགུལ་ཆེན་པོས་བཤད། གཞི་རིམ་གྱི་འཐབ་ས་དང་པོ་ནི་མང་ཚོགས་དང་བར་ཐག་ཉེ་ཤོས་ཀྱི་གནས་ཤིག་ཡིན་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱེད་པའི་འཐབ་ས་མདུན་མ་ཡང་ཡིན། ཀྲོའུ་ཀྲུའུ་ཡིས་རྒྱ་མ་ཁྲོམ་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། “ལས་དོན་ཨུ་ལྷན་ཆེན་པོ”དང“ཏང་ཨུད་ཆེན་པོའི”མཉམ་འབྲེལ་ཚོགས་འདུར་བརྟེན་ནས་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བཅས་བྱས་ཏེ། ཏང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཏང་ཨུད་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་བདམས་པ་ཤེས་སྐབས། ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་་དགའ་ཚོར་གྱིས་མི་ཁེངས་པ་གཅིག་ཀྱང་མེད། ཆ་སྙོམས་ས་བབ་སྨི་5373ཡོད་པའི་ཕུ་མ་བྱང་ཐང་ཤང་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མཐོ་གྲང་མཐའ་མཚམས་ཤང་ཞིག་རེད།
“འཚོ་གནས་དཀའ་ཁུལ”གྱི་གནས་དེར་ཤང་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དངོས་འཛིན་དངོས་སྒྲུབ་བྱས་པར་བརྟེན་དུད་ཚང་280ཡི་འབྲོག་པ་མང་ཚོགས་རྒྱ་ཆེ་ལ་དཀར་ཆ་དོད་པའི“འབྱོར་འབྲིང་ཁང་པར”སྤོ་ཐུབ་པ་བྱུང་བ་དང་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། གསོ་རླུང་བཅས་གང་དགོས་ཚང་མ་ཡོད་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།
“ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ཀྱིས་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིས་ལས་རིགས་ཁག་གི་འཐབ་ཕྱོགས་དང་པོའི་ལས་དོན་པར་འབད་འབུངས་ཡར་བརྩོན་དང་ཐེག་པ་ཁུར་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ལྷ་ས་འབབ་ཚུགས་མངགས་གཏོང་ཁང་གི་སུའོ་ཀྲང་མཱ་ཤིན་ཧྥུའུ་ཡིས་ལོ་འཁོར་མོ་ལྕགས་ལམ་གྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ་མེ་འཁོར་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་མ་ཟད། རྒྱུན་དུ་ལམ་སྲུང་དྲིལ་བསྒྲགས་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་དང་ཉེན་རྟོག་ལས་དོན་དྲིལ་བསྒྲགས་བཅས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ད་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ལོ་ཡིན་ཞིང་། ཁོང་གིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག་དྲ་ཐོག་ཆུ་ཚོད་24”ཡི་ཏང་འཛུགས་སྐྱོང་གི་སྤུས་རྟགས་མུ་མཐུད་གཏིང་ཟབ་བཏོད་དེ་རང་འགན་གཙང་སྒྲུབ་དང་འགྲུལ་པར་ཞབས་འདེགས་ཞུས་ནས་མཚོ་བོད་ལྕགས་ལམ་བརྟན་སྲུང་བྱེད་ཀྱི་ཡིན་ཞེས་བཤད།
ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་དང་། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་པ། ལས་གནས་ལ་གཞི་ཚུགས་ནས་སྔོན་ཐོན་བརྩོན་ལེན། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་ལེའུ་གསར་ཧུར་ཐག་རྩོམ་གྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།