དབུ་ཤོག
  • རང་ལྗོངས་ཀྱི་ས་ཁུལ་ཁག་གིས་སྣ་མང་ཕུན་སུམ་ཚོཌ་པའི་བྱེད་སྒོ་སྤེལ་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-04

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི“བདུན་གཅིག”ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། གསར་བརྗེའི་རྟེན་གཞིར་ཞིབ་འཇུག་སློབ་སྦྱོང་དང་། སྔོན་ཐོན་ལ་གཟེངས་བསྟོད། གཞི་རིམ་མཉམ་སྐྲུན། ཆེད་དོན་ཏང་གི་སློབ་ཚན། དྲོ་སྐྱིད་ལྡན་པའི་འཚམས་འདྲི་སོགས་ཀྱི་རྣམ་པ་སྣ་ཚོགས་པའི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་སོགས་ཚན་པས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ། བོད་ལྗོངས་མའོ་ཀྲུའུ་ཞིའི་སྐུ་འདྲའི་རྟགས་མ་རྟེན་མཛོད་ཁང་དུ་བསྐྱོད་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཚང་མས་དངོས་རྫས་དང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བལྟས་ནས་བོད་ཀྱི་འཕེལ་རྒྱས་བྱུང་རིམ་བསྐྱར་དྲན་བྱས་པ་རེད། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ། “ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”ལ་གཟེངས་བསྟོད་བྱེད་པ་སོགས་བརྒྱུད་ཏང་ཡོན་ལས་བྱེད་པར་ལས་གནས་ལ་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་དང་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    ཟླ་6ཚེས་29ཉིན་གྱི་དགོང་མོར། 2026ལོའི“བདུན་གཅིག”བསུ་བའི་ལྗོངས་ཡོངས་ཀྱི་ལས་བཟོའི་ལས་ཞོར་གླུ་གར་འགྲན་བསྡུར་ཆེ་མོའི་ཕུལ་བྱུང་བརྩམས་ཆོས་བོད་ལྗོངས་ཟློས་གར་ཁང་ཆེན་པོའི་འཁྲབ་ར་ཆུང་ངུར་འགྲེམས་འཁྲབ་བྱས་ཤིང་། ངལ་རྩོལ་དཔེ་བཟང་བ་དང་། ལས་རིགས་ཀྱི་བཟོ་བོ། ལས་རྣམ་གསར་པའི་ངལ་རྩོལ་པ་སོགས་ཀྱིས་འཁྲབ་སྟོན་ལ་བལྟས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་གྱིས་ཁྱོན་འགྲན་ཞུགས་བརྩམས་ཆོས་78བསྡུས་པ་དང་། མི་རིགས་ཁག་གི་ལས་བྱེད་ལས་བཟོ་700ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཤིང་། དྲ་ཐོག་ནས་ལྟ་མཁན་མི་གྲངས་ཁྲི་30ལྷག་ཙམ་ཟིན་ཡོད།

    རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། ཆུས། ཁྲོམ་གཞུང་། སྡེ་ཁུལ་བཅས་སུ་རིམ་པ་ཕྱེ་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད། ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གྲོང་མི་ཨུ་ལྷན་དང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ“ཏང་གི་དར་ཆ་ཡིས་སྣེ་ཁྲིད་ནས་ཐོག་མའི་བསམ་འདུན་མཚོན་པར་བྱེད།  འཐབ་ཕྱོགས་གཅིག་གྱུར་གྱིས་བློ་གཅིག་སེམས་གཅིག་ངང་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་རྒན་གྲས་ཀྱིས་འབད་འཐབ་ཀྱི་གཏམ་རྒྱུད་དང་། གསར་བརྗེའི་གླུ་གཞས་མཉམ་གཏོང་། ཏང་གི་ལོ་རྒྱུས་ཤེས་བྱ་འགྲན་བསྡུར་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཏང་ཡོན་གྱི་དད་སེམས་སྔར་བས་བརྟན་དུ་བཏང་ཡོད། གཞི་རིམ་གྱི་གཡུལ་སར་ཡང་བརྩེ་སེམས་རབ་ཏུ་འཁོལ་ཞིང་། རྔ་ཆེན་སྡེ་ཁུལ་གྱིས་གསར་བརྗེའི་བརྙན་ཐུང་སྟོན་པ་དང་དམངས་ཕན་འོས་འགན་སྨན་བཅོས་བྱེད་པ་སོགས་ཁྱད་ལྡན་བྱེད་སྒོ་གསར་གཏོད་རྣམ་པའི་ཐོག་ནས་སྤེལ་ཏེ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་། ལྷུན་གྲུབ་རྫོང་ཆ་བཀྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་མཛའ་མཐུན་བྱེད་སྒོ་གསར་གཏོད་རྣམ་པའི་ཐོག་ནས་སྤེལ་ཞིང་། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་འཕེལ་རྒྱས་སྐོར་མཉམ་དུ་གླེང་སྟེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་གིས་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་དང་། སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱེད་པ། གསར་བརྗེའི་གླུ་གཞས་མཉམ་གཏོང་དང་། སྲིད་ཇུས་སྒྲོག་འགྲེལ། འོས་འགན་སྨན་བཅོས་ཞབས་ཞུ་གསུམ་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བརྒྱུད། དམངས་ཕན་ཞབས་འདེགས་མང་ཚོགས་ལ་ཏན་ཏིག་ཞུ་ཐུབ་པར་བྱས་པ་དང་། མངའ་རིས་ས་ཁུལ་གྱིས“ཞང་ཞུང་ཡུལ་དུ་བཀྲ་ཤིས་དུས་བཟང་བསུས། སྒྱུ་རྩལ་འཁྲབ་སྟོན་བྱས་ནས་ལོ་བརྒྱར་ཕུལ”ཞེས་པའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ས་གནས་དེ་གའི་རིག་རྩལ་ལ་དགའ་པོ་བྱེད་མཁན་གྱིས་རང་རྩོམ་རང་འཁྲབ་བྱས་པའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ཏེ། ཏང་གི་འོད་ཟེར་རབ་ཏུ་འཕྲོ་བའི་འོག་མངའ་རིས་ཀྱི་དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་བརྟན་ལྷིང་གི་འཕེལ་རྒྱས་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པར་བྱས་པ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས“མེ་ཏོག་གི་དྲན་ཤེས་བརྙན་པར”ཞེས་པའི་བརྙན་པར་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་ནས་མཐའ་མཚམས་ཀྱི་གྲོང་ཁྱེར་ཆུང་ངུ་འཕེལ་རྒྱས་དང་འཕོ་འགྱུར་མཚོན་པར་བྱས་པ། ནག་ཆུ་གྲོང་ཁྱེར་གྱིས“གསར་བརྗེའི་གླུ་དབྱངས་ཚང་མས་ལེན། ཏང་ལ་བསྟོད་གླུ་ཡང་ཡང་འབུལ”ཞེས་པའི་གླུ་གཞས་འགྲན་བསྡུར་བྱས་ཤིང་། བྱིས་པས་གླུ་གཞས་གཏོང་བ་དང་དཔེ་དེབ་ཀློག་པ་སོགས་ཀྱི་རྣམ་པའི་ཐོག་ནས་བོད་བྱང་ཐང་གི་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་གསར་པ་གང་ལེགས་མངོན་པར་བྱས་ཡོད།

    རིག་རྩལ་འཁྲབ་སྟོན་དང་། ཐོག་མའི་བསམ་འདུན་ལ་ཞུན་བརྡར། དམངས་ཕན་ཞབས་ཞུ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གངས་ལྗོངས་ས་མཐོའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།