དབུ་ཤོག
  • མྱ་ངམ་ཐང་རྒོད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་ཁྱེར་བར།

    གཡུ་འབྲུག་སྔོན་མོས་ཐང་གཞོང་ཡུད་ཀྱིས་བཅད། ལམ་རྒྱུད་མུ་ཏིག་སྟར་ཆགས་གྲོང་ཁྱེར་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-04

    2006ལོའི་ཟླ་6པར། ལྷ་ས་མེ་འཁོར་འབབ་ཚུགས་སུ་འགྲུལ་སྐྱེལ་བའི་འགན་འཁུར་བར་བཏང་བའི་སྐབས་སུ། ལྷ་སའི་ལྷོ་ངོས(ད་ཆའི་སྣེའུ་ཁུལ་གསར)ནི་མྱ་ངམ་ཐང་རྒོད་ཅིག་ཡིན་པ་ཡེ་ཤེས་དར་རྒྱས་ཀྱིས་ད་ལྟ་ཡང་གསལ་པོར་ངེས་ཡོད།

    སྐབས་དེ་དུས། ལོ་20སོང་རྗེས་གནས་དེ་ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་ཕལ་པར་གྱུར་ཡོང་སྙམ་པ་བསམ་པའི་ཡུལ་ལ་འཁོར་མྱོང་མེད།

    མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20སོང་རིང་།“གསར་དུ་ཆགས་པའི”སྣེའུ་ཁུལ་གསར་དང་འདྲ་བར་ལྕགས་ལམ་ལམ་རྒྱུད་དུ་གྲོང་ཁྱེར་དང་གྲོང་རྡལ་མང་པོ་ཆགས་ནས་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བཞིན་ཡོད།

    2006ལོར། ཨ་མདོ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.63ལས་ཟིན་གྱི་མེད་པ་དང་། སྣེའུ་ནི་གསར་སྦོལ་བྱས་མེད་པའི་ས་ཆ་ཞིག་རེད། 2025ལོར་ཨ་མདོ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་21.24བར་འཕར་བ་དང་། སྣེའུ་ཁུལ་གསར་གྱི་ཞབས་ཞུའི་མི་འབོར་ཁྲི་12ལྷག་ཙམ་ཟིན་ཡོད།

    ལྕགས་ལམ་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་གྲོང་ཁྱེར་གྱི་རྣམ་པ་བསྐྱར་དུ་གཏོད་བཞིན་ཡོད།

    གྲོང་ཁྱེར་འཕེལ་རྒྱས་འགྲོ་བཞིན་པ།

    “ལྕགས་ལམ་ཤར་གཏོང་མ་ཐུབ་གོང་། ཨ་མདོའི་གློག་བརྟན་པོ་མེད་པས་གཅིག་སྡུད་དྲོད་རླངས་མཁོ་འདོན་མེད་ལ་བཙོག་འབུད་མ་ལག་དེ་བས་ཀྱང་མེད”ཅེས་ཨ་མདོ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའེ་ཅུན་ཅུན་གྱིས་ངོ་སྤྲོད་བྱས།

     མིག་སྔར། རྒྱལ་ཁབ་ཀྱི་གློག་དྲ་ཨ་མ་དང་སྦྲེལ་མཐུད་ཐུབ་ནས་2025ལོར་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་42.5ཟིན་པ་དང་ཆར་ཆུའི་སྦགས་བཙོག་མདོང་ལམ་ཡང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད། གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་གྱིས་སྐྱེལ་འདྲེན་བྱེད་པའི་མ་ལག་གིས་སྐྱེལ་འདྲེན་གྱི་མ་གནས་ཤུགས་ཆེན་ཆག་ཡོད།

    ཐོན་ལས་གྲུབ་ཆར་ཡང་དེ་དང་འདྲ་བར་འཕོ་འགྱུར་ཆེན་པོ་བྱུང་ཞིང་། སྔོན་ཆད་ཨ་མདོར་རུ་བ་སྐྱས་སྤོའི་འབྲོག་ལས་ཁོ་ན་ལས་མེད་པ་དང་། ད་ཆ་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུའི་ལས་རིགས་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་ཡོད།

    ཝུའེ་ཅུན་ཅུན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.63ཟིན་པ་དང་གདང་ལའི་སྒྲིག་གཤོམ་ཁང་ན་ནིང་ཟླ་9པར་སྒོ་ཕྱེ་བ་དང་རྫོང་གིས་ད་དུང་A3རིམ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ཧུར་ཐག་བཏོད་ཡོད་ཅེས་བརྗོད།

    ཁོང་གིས་དམིགས་སུ་བཀར་ནས་བརྗོད་པའི་སྟོད་མའི་ལུག་གི་རྒྱུད་པ་དེ་རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཐོན་ཁུངས་ཆེ་གྲས་བཅུའི་ནང་ཚུད་ཡོད།

    སྟོད་མའི་ལུག་ལ་དམིགས་ནས་ཨ་མདོ་རྫོང་གིས་སྐྱེད་སྲིང་ཁྱབ་གདལ་དང་བཤས་གཏོང་ལས་སྣོན་ནས་སྤུས་རྟགས་གཏོད་པ་དང་ཉམས་ལེན་བྲིན་ཚོང་བར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཏོད་ཡོད། མིག་སྔར། རྫོང་ཡོངས་སུ་གསོ་ཚགས་དུད་ཚང་ཆེ་མོ་919དང་ཁྱིམ་ཚང་འབྲོག་ར་412སྐྱེད་སྲིང་བྱས་པས་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.12ཟིན་ནས་འབྲོག་པ་ཁྲི་4.2ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། “སྟོད་མའི་ལུག་དང་ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་ལྕགས་ལམ་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བྲིན་ཚོང་བྱེད་བཞིན་ཡོད”ཅེས་ཝུའེ་ཅུན་ཅུན་གྱིས་བརྗོད།

    ཨ་མདོའི་འགྱུར་ལྡོག་ནི་ལྕགས་ལམ་ལ་བརྟེན་ནས་བྱུང་བ་ཞིག་རེད། མེ་འཁོར་མུ་མཐུད་ལྷོ་ཕྱོགས་སུ་སྤྱི་ལེ་140བསྐྱོད་རྗེས་ནག་ཆུ་འབབ་ཚུགས་གནས་སའི་གསེར་རྙེད་ཆུས་སུ་འབྱོར་གྱི་ཡོད།

    ལོ་20ཡི་རིང་། ནག་ཆུ་འབབ་ཚུགས་ནས་ཐོན་པའི་འགྲུལ་པ་མི་ཐེངས་ཁྲི་894.71ཟིན་ཡོད། གཞི་ཁྱོན་ཆེ་བའི་ཕྱོགས་མི་ལས་གསེར་རྙེད་ཆུས་ལ་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་བ་སྟེ། 2006ལོར་གསེར་རྙེད་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10.14ཟིན་པ་དང་། 2025ལོར་སླེབས་སྐབས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་76.48བར་འཕར་ཡོད་པ་དེ་རེད།

    ལྕགས་ལམ་ལ་བརྟེན་ནས་བོད་བྱང་ཐང་གི་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་གཏོང་བཞིན་ཡོད།

    གྲོང་ཁྱེར་གསར་དུ་ཆགས་པ།

    མཚོ་བོད་ལྕགས་ལམ་གྱི་འབབ་ཚུགས་མཐའ་མ་ནི་ལྷ་ས་འབབ་ཚུགས་ཡིན་ཞིང་། འབབ་ཚུགས་འདི་ནས་གཏམ་རྒྱུད་གཞན་ཞིག་གི་འགོ་ཚུགས།

    མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ནས། ལྷ་ས་གྲོང་ཁྱེར་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་ཆེད། 2007ལོའི་ཟླ་11པར་སྣེའུ་ཁུལ་གསར་དངོས་སུ་བཙུགས།

    སྣེའུ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་བཟང་པོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྣེའུ་བ་ཞིག་རེད།

    2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཟླ་བ་བཟང་པོ་མེ་འཁོར་གཏོང་ཐེངས་དང་པོའི་འགྲུལ་པར་གྱུར།

    2011ལོར་གྲོང་ཚོའི་ལས་བྱེད་པ་ཟླ་བ་བཟང་པོས་རྟོག་ཞིབ་ཚོགས་པ་དང་མཉམ་དུ་ཅང་སུའུ་རུ་རྟོག་ཞིབ་བྱེད་པར་བསྐྱོད། ཝུའུ་ཤིས་སུ་ཁོང་གིས་ཞིབ་ཕྲའི་གནས་ཚུལ་ཞིག་ལ་དོ་སྣང་ཆེན་པོ་བྱུང་བ་སྟེ། ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་ལ་ཐལ་རྡུལ་ཙམ་ཡང་མཐོང་རྒྱུ་མེད་པ་དེ་རེད། ཟླ་བ་བཟང་པོས“རང་ཉིད་དུས་གང་ཞིག་ལ་གྲོང་ཁྱེར་དེ་ལྟ་བུར་འཚོ་བ་སྐྱེལ་ཐུབ་བམ”སྙམ་ནས་ཡིད་སྨོན་ཆེན་པོ་སྐྱེས།

    2015ལོར། སྣེའུ་ཁུལ་གསར་ལྷ་ས་མཐོ་གསར་ཁུལ་དུ་རིམ་སྤོར་བྱས་པ་དང་2022ལོར་རྒྱལ་ཁབ་རིམ་པའི་མཐོ་གསར་ཁུལ་དུ་སླར་ཡང་རིམ་སྤོར་བྱས།

    ཟླ་བ་བཟང་པོའི་ཕུགས་འདུན་མངོན་འགྱུར་བྱུང་བ་སྟེ། སྣེའུ་ཁུལ་གསར་དུ་ཐོག་བརྩེགས་ཁང་ཆེན་འགྱིང་ངེར་གནས་པ་དང་། ཁྲོམ་གཞུང་གི་གཡས་གཡོན་དུ་ལྗོན་ཤིང་གིས་བརྒྱན་པ། ལམ་ངོས་གཙང་ཞིང་གྲལ་འགྲིག་པ་བཅས་སྔོན་ཆད་ཁོང་གིས་མཐོང་བའི་ཝུའུ་ཤིས་དང་གཉིས་སུ་མ་མཆིས།

    སྣེའུ་ཙམ་མ་ཟད། སྤྱི་ལེ་1000ལྷག་ཙམ་གྱི་སར་ཡོད་པའི་གོར་མོ་ལའང་བོད་མཚོ་བཟོ་ལས་གླིང་ཞེས་པའི་ཐོན་ལས་གླིང་ཞིག་བཙུཌ།

    མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་རྟེན་གཞིའི་སྔར་ཡོད་ཀྱི་འགན་ནུས་ཆུང་དུ་འགྲོ་འགོ་ཚུགས་ཤིང་། ཚན་པ་དང་མི་སྣ་ལོ་རེ་བཞིན་ཉུང་དུ་ཕྱིན་མོད། འོན་ཀྱང་མཛོད་ཉར་ཟོག་འགྲེམས་དང་། རྨང་གཞིའི་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་སུ་རྟེན་གཞིས་སྔར་བཞིན་ནུས་པ་འདོན་བཞིན་ཡོད་ཅེས་གོར་མོ་དོན་གཅོད་ཁྲུའུ(བོད་མཚོ་བཟོ་ལས་གླིང་དོ་དམ་ཨུ་ལྷན)རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆབ་སྲིད་ལས་དོན་དང་མི་དོན་ཁྲུའི་ཁྲུའུ་ཀྲང་གོར་མོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལི་ཡུས་ཁྲེང་གིས་བརྗོད།

    2014ལོར་བོད་མཚོ་བཟོ་ལས་གླིང་གོར་མོ་གྲོང་ཁུལ་གྱི་ཤར་ངོས་གྲམ་ཐང་དུ་སྐྲུན་འགོ་ཚུགས།

    ལོ་བཅུ་གྲངས་རིང་འཕེལ་རྒྱས་བཏང་བ་བརྒྱུད། གླིང་ཁུལ་གྱི་ཐོ་འགོད་གཉེར་སྐྱོང་བྱེད་པོ་དུད་ཚང་535ཟིན་ནས་རིམ་རྩིས་བརྒྱབ་ན་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་68.94དང་། ཚོང་དོན་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་870.01 ཁྲལ་འབབ་ཡོང་འབབ་སྒོར་དུང་ཕྱུར་109.79བཅས་ཟིན་ཡོད། རིམ་རྩིས་བརྒྱབ་ན་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་མི་ཐེངས་1600ལྷག་ཙམ་ལས་ཀར་བསྡུས་ཡོད།

    “མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་སོགས་འགྲིམ་འགྲུལ་ལྟེ་གནས་དང་གླིང་ཁུལ་ཟུང་འབྲེལ་དམ་ཟབ་བྱས་པས། གཞུང་ལམ་དང་ལྕགས་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་མཉམ་འདྲེན་མ་ལག་ཅིག་གྲུབ་ཡོད”ཅེས་ལི་ཡུས་ཁྲེང་གིས་བརྗོད།

    ལྕགས་ལམ་ལམ་རྒྱུད་ཀྱི་གྲམ་ཐང་དང་བྱེ་ཐང་གྲོང་ཁྱེར་གསར་པར་འགྱུར་བཞིན་ཡོད།

    གྲོང་ཁྱེར་ལ་འགྱུར་ལྡོག་བྱུང་བ།

    སྣེའུ་སྡེ་ཁུལ་ནི་སྔོན་ཆད་ཀྱི་སྣེའུ་གྲོང་ཚོ་ཡིན་ཞིང་། ལྷ་ས་འབབ་ཚུགས་འཛུགས་སྐྲུན་དང་ཁུལ་གསར་གསར་སྤེལ་བྱས་པ་དང་བསྟུན་ནས་ཡུལ་མི་གྲོང་མིར་གྱུར་བ་དང“གྲོང་ཚོ”ཡང“སྡེ་ཁུལ”དུ་གྱུར་ཡོད།

    འགྱུར་ལྡོག་ཆེ་ཤོས་ནི་གྲོང་མིར་འབབ་འཕར་བྱུང་བ་དེ་རེད།

    གྲོང་ཁྱེར་འཕེལ་རྒྱས་དང་ས་ཆ་གཞུང་བསྡུའི་སྲིད་ཇུས་ལ་བརྟེན་ནས་སྣེའུ་སྡེ་ཁུལ་གྱིས་སྔ་རྗེས་སུ་མཉམ་སྡེབ་བོགས་གཏོང་ཁང་པ་དང་། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་། རུ་ཅཱ་ཚོང་འགྲུལ་མགྲོན་ཁང་། ཧེང་ཞང་ཁ་ལོ་བའི་སློབ་གྲྭ་སོགས་གཉེར་བར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1700ལྷག་ཙམ་བྱུང་ཡོད།

    ཟླ་བ་བཟང་པོས་རྩིས་ཤིག་བརྒྱབ་ནས“ད་ཆ་གྲོང་མིའི་ཡོང་འབབ་གཙོ་བོ་ཁང་པ་བོགས་མར་གཏོང་བ་དང་ས་ཞིང་བརྒྱུད་བཤུག་གི་བོགས་དངུལ་ཡིན་ཞིང་། ཚོད་དཔག་བྱས་ན་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད”ཅེས་བརྗོད།

    བློ་བཟང་ནི་གྲོང་ཚོའི་ནང་སྐད་གྲགས་ཡོད་པའི་མ་མཐའི་འཚོ་བ་འགན་སྲུང་དུད་ཚང་ཡིན་ཞིང་། ལོ་ཁ་ཤས་ཀྱི་གོང་ལ་ཁོང་ཁྱིམ་དུ་པཱ་ལགས་ནད་ཀྱིས་རྐྱེན་པས་ཉལ་སར་ལུས་པ་དང་ཕྲུ་གུ་ཚོ་ལོ་ན་ཆུང་བའི་ཁར་ཡོང་འབབ་ཀྱང་ཉུང་བས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད།

    མེ་འཁོར་ཤར་གཏོང་ཐུབ་པས་ཁོང་གི་འཚོ་བར་ཡང་འགྱུར་ལྡོག་བྱུང་ཞིང་། མེ་འཁོར་འབབ་ཚུགས་བསྐྲུན་པའི་ས་བསྡུའི་ཁ་གསབ་དངུལ་རག་རྗེས་བློ་བཟང་གིས་འདྲུད་འཐེན་འཁོར་ལོ་ཞིག་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ། “ངས་བྱེ་རྡོ་དབོར་བ་ནས་འགོ་བཙུགས་ཏེ་ཉམས་མྱོང་དང་ཐོན་ཁུངས་རིམ་བཞིན་གསོག་འཇོག་བྱས་པ་ཡིན”ཞེས་བློ་བཟང་གིས་བརྗོད་པ་དང་། ད་ཆ་ཁོང་གི་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་20ཟིན་གྱི་ཡོད།

    བློ་བཟང་ཁྱིམ་གྱི་འགྱུར་ལྡོག་ནི་དཔེ་མཚོན་ཙམ་ཞིག་རེད། སྔོན་ཆད་སྣེའུ་གྲོང་ཚོར་མ་མཐའི་འཚོ་བ་འགན་སྲུང་དུད་ཚང་6ཡོད་པ་དང་ལྕགས་ལམ་འཛུགས་སྐྲུན་དང་གྲོང་ཁྱེར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཚང་མ་དབུལ་སྒྲོལ་ཐུབ་ཡོད། “ད་ཆ་ང་ཚོའི་སྡེ་ཁུལ་དུ་མ་མཐའི་འཚོ་བ་འགན་སྲུང་དུད་ཚང་གཅིག་ཀྱང་མེད”ཅེས་ཟླ་བ་བཟང་པོས་སྤོབས་སེམས་ཆེན་པོས་བརྗོད།

    ཐང་རྒོད་ནས་གྲོང་གསར་བར་དང་སྦྲ་གུར་ནས་གླིང་ཁུལ་བར། ཨ་མདོ་འཕེལ་རྒྱས་ཕྱིན་པ་དང་། གསེར་རྙེད་གཅིག་ཏུ་སྒྲིལ་བ། སྣེའུ་ཁུལ་གསར་གསར་དུ་བསྐྲུན་པ་བཅས་བོད་མཚོ་བཟོ་ལས་གླིང་གིས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་ལམ་རྒྱུད་ཀྱི་མི་སེར་ཕྱུག་འགྱུར་ལམ་བུར་ཁྲིད་བཞིན་ཡོད།

    མཁའ་ལམ་ཞིག་གིས་སྔོན་ཆད་དང་དེང་རབས་མཉམ་དུ་སྦྲེལ་ཞིང་། འབྱུང་འགྱུར་གྲོང་གསར་དེ་བས་མང་བ་ལྕགས་ལམ་རྒྱུད་དུ་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།