རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.04དང་དངོས་ཟོག་ཏུན་དུང་ཕྱུར་8.24སྐྱེལ་འདྲེན་བྱས་པ།
ངོ་མཚར་ཆེ་བའི་མཁའ་ལམ། མཚོ་བོད་ལྕགས་ལམ་གྱི་ལོ་ངོ་ཉི་ཤུ།

འདི་ནི་མེ་འཁོར་ཞིག་མཚོ་བོད་ལྕགས་ལམ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཁོངས་སུ་སྐྱོད་བཞིན་པ།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་20སོང་ཡོད།
མཚོ་སྔོན་ཟི་ལིང་ནས་ཐོན་ཏེ་གོར་མོ་བརྒྱུད་མཐར་བོད་ལྗོངས་ལྷ་སར་འབྱོར་གྱི་ཡོད་ཅིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་1956ཡོད་པ་དང་ཆ་སྙོམས་ས་བབ་སྨི་4000ཡན་གྱི་ཁུལ་དུམ་ལ་སྤྱི་ལེ་960ཟིན་གྱི་ཡོད།
འཛམ་གླིང་ཐོག་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་དང་། འཛམ་གླིང་ཐོག་ས་མཐོའི་ལྕགས་ལམ་རིང་ཤོས། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མེ་འཁོར་འབབ་ཚུགས་བཅས་ཀྱི་ཟིན་ཐོ་ད་བར་གཏོར་མཁན་བྱུང་མེད།
གསར་གཏོད་ལམ་བུ།
མཁའ་ལམ་གྱི་དཀའ་གནད་གང་དུ་ཡོད་དམ།
ལོ་མང་རིང་གི་འཁྱགས་ས་དང་། མཐོ་གྲང་གསོ་རླུང་དཀོན་པ། སྐྱེ་ཁམས་ཉམས་ཞན་བཅས་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཆེན་པོ་གསུམ་འཛུགས་སྐྲུན་པར་འཕྲད་ཡོད། ལྷག་པར་དུ་སྤྱི་ལེ་550ཡི་ལོ་མང་བསྟུད་མའི་འཁྱགས་སའི་ཁུལ་དུ་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་དེ་གར་ལྕགས་ལམ་བསྐྲུན་རྒྱུ་ནི་ཧ་ལམ་སྒྲུབ་ཐབས་བྲལ་བ་ཞིག་རེད་ཅེས་མགོ་བོ་གཡུག་བཞིན་བརྗོད།
ཀྲུང་གོ་བས་དེར་ཡིད་ཆེས་བྱེད་ཀྱི་མེད།
“འཁྱགས་སར་ཞིབ་འཇུག་བྱ་ཆེད། ཚན་པ་20ལྷག་ཙམ་ཞིབ་འཇུག་གི་འགག་སྒྲོལ་ནང་ཞུགས་ནས་ཚན་ཞིབ་རྣམ་གྲངས་38བཙུགས་ཡོད”ཅེས་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྤྱི་ཁྱབ་བཟོ་བཀོད་པ་ཡེ་དབྱང་ཧྲེང་གིས་བརྗོད།
དྲོད་ཚད་བརྟན་པོ་སྲུང་བ་དེ་གཞན་བརྟེན་ནས་རང་བརྟེན་གྱི་ཕྱོགས་སུ་སྒྱུར་ཐུབ་བམ། “ང་ཚོས་རྡོ་ལེབ་ཀྱི་ལམ་གཞི་དང་རྡོ་ཧྲུག་གི་ལམ་སྐྱོར་ཇུས་འགོད་བྱས་ཏེ་རླུང་འགྲོ་ལེགས་སུ་གཏོང་བ་དང་ལམ་ངོས་ཀྱི་དྲོད་ཚད་དམའ་རུ་བཏང་ནས་འཁྱགས་ས་མི་ཞུ་བ་བྱས་ཡོད”ཅེས་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་མཚོ་བོད་ལྕགས་ལམ་འཁྱགས་སའི་ཚན་ཞིབ་རུ་ཁག་གི་དེ་སྔའི་རུ་དཔོན་ལིའུ་ཀྲེང་ཕིང་གིས་བརྗོད།
རྗེས་སུ་ཚ་རྒྱུག་དེ་དུས་ཐོག་ཏུ་ཐོན་ཞིང་། རིང་ཚད་ལ་སྨི་12ཙམ་ཡོད་པའི་ལྕགས་རྒྱུག་དེ་སྨི་9འཁྱགས་སར་སྦས་པ་དང་ས་ངོས་ལ་སྨི་3དོན་ཡོད། ཚ་རྒྱུག་ནང་འཁོལ་ཚད་དམའ་བའི་གཤེར་ཨན་བླུགས་ཡོད་པས། ཕྱི་ངོས་གྲང་མོ་ཆགས་ཚེ་གཤེར་ཨེམ་རླངས་འགྱུར་འཕར་བ་དང་། གཤེར་འགྱུར་གྲང་མོ་དང་འཕྲད་ཚེ་དྲོད་ཚད་མཐོ་རུ་ཕྱིན་ནས་མཐིལ་དུ་ལྡོག་རྒྱུག་བྱེད་ཀྱི་ཡོད། ཡང་སྐོར་བསྐྱར་སྐོར་བྱས་ནས་ས་འོག་གི་ཚ་ནུས“ཕུམ”ཕྱི་རོལ་གྱི་མཁའ་རླུང་གྲང་མོ་དང་འཕྲད་ན་འཁྱགས་ས་ཇི་ཙམ་འཁྱགས་ན་དེ་ཙམ་གྱིས་བརྟན་དུ་འགྲོ་ཡི་ཡོད།
སྔོན་ཆད་ཀྱི་ནང་འདྲེན་འཚོལ་ཞིབ་ནས་ད་ཆའི་གསར་གཏོད་ཕུད་འགྲེམ་གྱི་སྣེ་འདྲེན་བར་ཀྲུང་གོའི་འཁྱགས་སའི་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
ཚན་རྩལ་གསར་གཏོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་གངས་ལྗོངས་ཁོ་ནར་སྤྱད་པ་ཙམ་མ་ཡིན་པར། དེས་ཧར་ཏ་མྱུར་བགྲོད་ལྕགས་ལམ་དང་། ཧར་མུའུ་མྱུར་བགྲོད་ལྕགས་ལམ། ཧར་དབྱི་མྱུར་བགྲོད་ལྕགས་ལམ་བཅས་ཀྱི་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། རྒྱལ་མཚམས་སྒྲོལ་ནས་ཡོ་རོབ་དང་ཁ་ན་ཏ་སོགས་ཕྱི་རྒྱལ་གྱི་གྲང་ཁུལ་ལྕགས་ལམ་ལ་ཤར་ཕྱོགས་ཀྱི་བློ་གྲོས་བྱིན་ཡོད།
མཁའ་ལམ་ཞིག་ལས་ཀྲུང་གོའི་གསར་གཏོད་ཀྱི་རྒྱུགས་ལན་ཕུལ་ཡོད།
མཚོ་བོད་ལྕགས་ལམ་འཇང་གི་ཚྭ་མཚོ་དཀར་མོ་བརྒྱུད་དགོས་པས་ཚྭ་མཚོའི་འོག་གི་ཞུན་ཚྭ་དང་གབ་ཆུ་ཇི་ལྟར་བཀོད་སྒྲིག་བྱེད་དགོས་སམ། མེ་འཁོར་ཤར་གཏོང་བྱེད་ཐུབ་བམ། དུས་རབས་20པའི་ལོ་རབས་70པར་ཀྲུང་གོའི་བཟོ་བཀོད་པ་ཚོས་སྒྲ་རླབས་འཚོལ་ཞིབ་ཡོ་བྱད་རང་བརྟེན་ཞིབ་བཟོ་བྱས་ནས་ཚྭ་མཚོའི་ས་འོག་འཇིག་རྟེན་རྩད་ཆོད་ཡོད།
ད་ཆ་ལོ་50ལྷག་ཙམ་དང་རིམ་འཇུག་ཐེངས་16བྱས་པ་བརྒྱུད། དེ་ཉིད་རང་རྒྱལ་གྱི་ཕུག་ལམ་ཨར་སྐྲུན་གྱི“རྒྱང་ཤེལ”དང“རྣ་གསང”ལྟ་བུར་གྱུར་ཡོད། “ལྷ་ཉིང་ལྕགས་ལམ་ཡིན་ནའང་འདྲ་ཡང་ན་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་ཡིན་ནའང་འདྲ་ཚང་མར་HSPཡི་ས་གཤིས་སྔོན་བརྡ་གཏོང་ཆས་ཀྱི་ཚན་རྩལ་གྲུབ་འབྲས་གསར་ཤོས་དེ་སྤྱད་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཚན་ཞིབ་ཁང་ལྷོ་ནུབ་ཁང་ས་གཤིས་སུའོ་ཡི་སྤྱི་ཁྱབ་བཟོ་བཀོད་པ་ལུའུ་སུང་གིས་བརྗོད།
ད་ཆའི་མཚོ་བོད་ལྕགས་ལམ་ནི་མིང་དོན་མཚུངས་པའི“རིག་ལྡན་མཁའ་ལམ”ཞིག་ཡིན་ཞིང་། ལམ་ཐིག་ཧྲིལ་པོར་པར་མིག་3000ལྷག་ཙམ་སྒྲིག་ཡོད་པ་དེ་དག་གིས་མེ་འཁོར་འཁོར་སྐྱོད་བྱས་ཚུལ་དུས་ཐོག་ཏུ་ལྟ་སྡོམ་བྱེད་པ་དང་། ལྷགས་པ་ཆེ་བའི་ཁུལ་དུམ་དུ་ལྟ་ཞིབ་ཚད་ལེན་ས་ཚིགས་52བཙུགས་ནས“རྣ་གསང”གི་ཚབ་བྱེད་པ། དཔེ་མཚོན་ལྟ་ཞིབ་ཚད་ལེན་ས་ཚིགས་182ཀྱིས་འཁྱགས་སའི་དྲོད་ཚད་དང་རྡིབ་ཚད་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། རིག་ནུས་ཅན་གྱི་སྒྲིག་ཆས་ལ་བརྟེན་ནས་བཀོད་གཏོང་ལྟེ་གནས་ཀྱིས་ལེ་དབར་སྟོང་གི་སའི་གནད་དོན་ཡོད་ཚད་ཁོང་དུ་ཆུད་ཐུབ་ཀྱི་ཡོད།
བདེ་སྐྱིད་ལམ་བུ།
ཐབས་བརྒྱ་ཇུས་སྟོང་གིས་ས་མཐོར་ལྕགས་ལམ་བསྐྲུན་དོན་གང་ཡིན་ནམ།
བོད་རིགས་ཨ་མ་རྒན་མོ་ལྷ་མོས་ས་མཐོའི་བུ་ཕྲུག་ཚོའི་སྙིང་གཏམ་བརྗོད་པ་སྟེ“ལོ་མང་རིང་། ང་ཚོས་ཐག་རིང་དུ་སྐྱོད་སའི་ལམ་བུ་ཞིག་བསྐྲུན་ནས། ང་ཚོ་དབུལ་པོ་དང་རྗེས་ལུས་ཀྱི་གནས་ལས་གྲོལ་ཏེ་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་པ་དེ་རེད།
ལམ་བུ་ཤར་གཏོང་ཐུབ། ལས་རིགས་སྣ་ཚོགས་དར། 2006ལོར་བོད་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་ཁྲི་36.1ལས་ཟིན་གྱི་མེད་པ་དང་། 2025ལོར་ཏུན་ཁྲི་831.3བར་འཕར་ཡོད། ལོ་20ཡི་རིང་། བོད་དུ་མཚོ་བོད་ལྕགས་ལམ་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་ཡོད།
གྲངས་གཞི་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་མཚོན་ཡོད།
སྔོན་ཆད་བོད་སྨན་གནམ་གྲུ་བརྒྱུད་ཕྱིར་གཏོང་བྱེད་དགོས་པས་མ་གནས་མཐོ་ལ་ཁེ་ལས་ཀྱི་ཁུར་པོའང་ལྕི་པོ་ཡོད། ད་ཆ་མེ་འཁོར་བརྒྱུད་སྨན་དབོར་གྱི་ཡོད་པས། མ་གནས་ཆག་ལ་ཁེ་སྤོགས་ཀྱང་མང་དུ་ཕྱིན་ནས། བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སིའི་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་6000བར་འཕར་ཡོད།
བོད་སྐྱོད་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཞིང་། 2025ལོར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་7000ལྷག་ཙམ་ལ་སྣེ་ལེན་ཞུས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།
ཐོན་ལས་འཕེལ་རྒྱས་བྱུང་བས་འཚོ་བ་དེ་བས་བདེ་ཞིང་སྐྱིད།
ཨ་མདོ་འབབ་ཚུགས་ལ་བལྟས་ཚེ། བོད་རིགས་བུ་མོ་ཆུང་བདག་གིས་མེ་འཁོར་འབབ་ཚུགས་ཉེ་འགྲམ་དུ་ཇ་ཁང་ཞིག་བཙུགས་ཡོད་ཅིང་། མེ་འཁོར་ཤར་གཏོང་ཐུབ་ཙམ་ལ་ཨ་མདོ་འབབ་ཚུགས་སུ་ཉིན་རེར་ཆ་སྙོམས་འགྲུལ་པ་བཞི་བཅུ་ལྔ་བཅུ་ཙམ་ལས་མེད་པ་དང་ད་ཆ་འགྲུལ་པ་360ལྷག་ཙམ་བར་མང་དུ་ཕྱིན་ཡོད་ལ། ཇ་ཁང་གི་ཁང་མིག་6ནས་19བར་མང་དུ་ཕྱིན་ཡོད།
“མེ་འཁོར་གྱིས་མི་འདྲེན་པ་དང་། མིས་ཉོ་ཚོང་ལ་སྐུལ་མ་གཏོང་གི་ཡོད”ཉིན་ལྟར་ཡོང་འབབ་སྒོར་8000ཟིན་པས་ཆུང་བདག་གི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད།
ལྕགས་ལམ་དེ་ལས་ས་མཐོའི་བུ་ཕྲུག་བགྲང་ལས་འདས་པར་ཆགས་ས་བརྟེན་ས་དང་འབབ་ཁུངས་བྱུང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་སྐས་རིམ་ལྟ་བུར་གྱུར་ཡོད། ལོ་20ཡི་རིང་། མཚོ་བོད་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་8.24དང་འགྲུལ་པ་མི་ཐེངས་དུང་ཕྱུར་1.04སྐྱེལ་འདྲེན་བྱས་པའི་ནང་། བོད་ནས་འགྲོ་འོང་བྱེད་མཁན་སློབ་མ་མི་ཐེངས་ཁྲི་450ལྷག་ཙམ་ཟིན་ཡོད།
ལྗང་མདོག་ལམ་བུ།
མཚོ་བོད་ས་མཐོའི་སྐྱེ་ཁམས་ཧ་ཅང་ཉམས་ཞན་རེད། རྩི་ཤིང་གི་སྐྱེ་ཡུན་ཐུང་བ་དང་། སྐྱེ་དངོས་འཁོར་འབྲེལ་སྟབས་བདེ་ཡིན་པས་གལ་ཏེ་གཏོར་སྐྱོན་ཕོག་ན་སླར་གསོ་བྱེད་ཧ་ཅང་ཁག་པོ་རེད།
དེའི་ཐད་གང་འདྲ་བྱེད་དགོས་མིན་ལ་ཀྲུང་གོ་བས་ལན་བཏབ་པ་སྟེ། རང་བྱུང་ཁམས་ལ་གུས་ཤིང་སྐྲག་པ་བྱ་རྒྱུ་དེའོ།
ལས་གྲྭ་འཆར་འགོད་ཀྱི་ཐོག་མའི་དུས་སུ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་དུས་མཚུངས་སུ་བསམ་གཞིག་བྱས་ཤིང་། 2015ལོར། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་པ་དང་། ཁུ་ཁུ་ཤིས་རིའི་འབབ་ཚུགས་ཀྱི་སྔོན་འཇོག་ཟུར་གཡོལ་ལྕགས་ལམ་ས་ཚིགས་དེ་འཛུགས་སྐྲུན་འཆར་གཞིའི་ནང་དངོས་སུ་བཅུག་པ་རེད། ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་པ་བརྒྱུད་སྔོན་འཇོག་ས་ཚིགས་དེ་གཙོད་ཀྱི་གཏན་འཇགས་གནས་སྤོའི་བགྲོད་ལམ་ཐོག་ཏག་ཏག་འཁེལ་གྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
“མེ་འཁོར་གྱི་གློག་འོད་དང་། འཛེར་སྒྲ། མེ་འཁོར་འབབ་ཚུགས་ཀྱི་རྒྱུན་གཏན་ལས་ཀ་བཅས་ཀྱིས་གཙོད་རྒྱུད་སྤེལ་བྱེད་པར་འགོག་རྐྱེན་བཟོ་ཡི་ཡོད”ཅེས་མཚོ་བོད་ཚོགས་པ་ཀུང་སིའི་བསྡོམས་རྩིས་པུའི་རྨང་གཞིའི་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་ཚའེ་ཧུང་གིས་བརྗོད།
ཕྱོགས་མང་པོས་གྲོས་མོལ་བྱས་ཏེ་ས་ཚིགས་གནས་གཞན་དུ་སྤོ་རྒྱུའི་ཐག་བཅད། ཁུ་ཁུ་ཤིས་རིའི་འབབ་ཚུགས་སྤྱི་ཡོངས་བྱང་ཕྱོགས་སུ་སྤྱི་ལེ་8.8སྤོས་པར་འགྲོ་སོང་སྒོར་ཁྲི་1376.82ཁ་སྣོན་རྒྱག་དགོས་བྱུང་ཡོད།
དུས་རབས་གོང་མའི་ལོ་རབས་90པར། ཁུ་ཁུ་ཤིས་རིར་གཙོད་ཁྲི་2ཀྱང་ཟིན་གྱི་མེད་པ་དང་ད་ཆ་ཁྲི་7ལས་བརྒལ་ཡོད། གཙོད་ཁྱུ་དལ་དལ་ལྷོད་ལྷོད་ངང་ལྕགས་ལམ་སྒྲོལ་བ་ལས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་མངོན་ཡོད།
འབྲོག་པའི་ཕྱུགས་འཚོའི་དགོས་མཁོར་བསྟུན་ནས་ང་ཚོས་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་རི་སྐྱེས་སྲོག་ཆགས་ཀྱི་ཆེད་སྐྱོད་བགྲོད་ལམ་སྤྱི་ལེ་60ཙམ་བཀོད་སྒྲིག་བྱས་པ་དང་། ཟམ་སྦུག་དང་ཟམ་པ་འབོར་ཆེན་ཞིག“ནོར་ལུག་གི་བགྲོད་ལམ”དུ་གྱུར་ཡོད།
མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱས་པས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ལམ་ལུགས་ཐོག་མ་དེ་བཟོས་པ་རེད། འདི་ལྟ་བུའི་འདུ་ཤེས་དེ་རྗེས་མཐུད་ལྕགས་ལམ་གྱི་ཇུས་འགོད་དང་། འཛུགས་སྐྲུན། ཨར་ལས་བཅས་ཀྱི་ཁྲོད་དུ་ཁྱབ་པར་བྱས་ཡོད། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་90%ཡན་ས་བབ་སྨི་3000ཡན་དུ་གནས་པ་དང་ཡར་ཀླུང་གཙང་པོ་ཐེངས་16སྒྲོལ་དགོས་པར་བརྟེན་ཉམས་ཞན་སྐྱེ་ཁམས་གང་ཐུབ་ཅི་ཐུབ་ཀྱིས་སྲུང་དགོས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དུས་རབས་གསར་པའི་ལམ་བཟོ་བས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད”ཅེས་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་གཉིས་པའི་ལྷ་ཉིང་ལྕགས་ལམ་གྱི་སྤྱིའི་ཇུས་འགོད་པ་གཞོན་པ་ཁྲེན་ཡུང་གིས་བརྗོད།
འབད་འཐབ་ལམ་བུ།
མཁའ་ལམ་ཤར་གཏོང་ཐུབ་ནས་ལོ་20སོང་རིང་། ཉིན་གཅིག་ལ་དཔེ་བཞག་པ་ལྟར་འབད་བརྩོན་བྱེད་མཁན་ལས་དོན་པ་དང་ཁོང་ཚོའི་ནམ་ཡང་མི་ཉམས་པའི་སྙིང་སྟོབས་ཀྱིས་མཁའ་ལམ་ལ་འདེགས་སྐྱོར་ཧུར་ཐག་བྱས་ཡོད།
ཧྥེང་ཧོའོ་ཧྲན་རི་བོ་མི་མེད་ཁུལ་དུ་གནས་པ་དང་དེ་གར་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡོད། ས་བབ་མཐོ་བས་གནས་དེར་མི་རྣམས་དབུགས་འབྱིན་རྔུབ་དཀའ་བ་དང་། གཉིད་མི་ཁུག་པ། ཟ་མ་ཚོས་དཀའ་བ། དང་ཁ་མེད་པ་བཅས་བྱེད་ཀྱི་ཡོད། འོན་ཀྱང་ཚན་རིག་ཞིབ་འཇུག་གི་ཆེད་དུ་མི་མང་པོ་ཞིག་ཧྥེང་ཧོའོ་ཧྲན་རི་བོར་ཡོང་སྟེ་ལོ་བཅུ་ཕྲག་རིང་ལྟ་ཞིབ་ཚད་ལེན་ལས་དོན་སྒྲུབ་མཚམས་བཞག་མྱོང་མེད།
ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་རྒན་རབས་འགན་འཁུར་བ་ཡིན་པའི་ཝང་ཀྲན་ཅི་1964ལོར་ས་མཐོར་ཡོང་། 1978ལོར་ས་ཚིགས་ནས་ཁ་འབྲལ་སྐབས་འབྲས་སྐྲན་ཕོག ཚེ་ལས་འདས་ཁར་ཁོང་གིས“ངའི་སྤུར་ཐལ་ཧྥེང་ཧོའོ་ཧྲན་རི་བོར་སྦས་རོགས། གསོན་པོར་སྡོད་སྐབས་མཚོ་བོད་ལྕགས་ལམ་མཐོང་ཐུབ་མ་སོང་། ཤི་རྗེས་མེ་འཁོར་ཧྥེང་ཧོའོ་ཧྲན་རི་བོ་བརྒལ་ནས་བསྐྱོད་པ་མཐོང་འདོད་འདུག”ཅེས་ཁ་ཆེམས་བཞག
ད་ཆ་རྒྱུག་མཐུད་དབྱུག་པ་དེ་ལོ་45ལ་སླེབས་པའི་སྨི་ཝུའེ་ཅུན་གྱི་ལག་ཏུ་སྤྲད། ཀྲུང་གོ་ལྕགས་ལམ་ཚན་ཞིབ་ཁང་ནུབ་བྱང་ཁང་གི་དམིགས་བསལ་ས་རྒྱུ་བཅོས་སྒྲིག་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་འགན་འཁུར་བ་སྨི་ཝུའེ་ཅུན་གྱིས“འཁྱགས་སའི་ཚན་ཞིབ་བྱེད་པར་ངེས་པར་དུ་ས་ཡུལ་དངོས་ལ་སྐྱོད་དགོས་པའི”འདུ་ཤེས་རྒྱུན་འཁྱོངས་བྱེད་ཀྱི་ཡོད།
སྒྲིག་ཆས་རང་འགུལ་ཅན་དུ་འགྱུར་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་ཚན་ཞིབ་མི་སྣ་ལོ་འཁོར་མོར་“སྲོག་གནས་དཀའ་ཁུལ”དུ་གཞི་ཚུགས་དགོས་ཀྱི་མེད་མོད། འོན་ཀྱང་སྨི་ཝུའེ་ཅུན་ལོ་ལྟར་ཧྥེང་ཧོའོ་ཧྲན་རི་བོར་ཐེངས་ལྔ་དྲུག་འགྲོ་འོང་བྱེད་དགོས་ཀྱི་ཡོད། ཐུང་ན་ཉིན་བཅུ་ལྷག་ཙམ་དང་རིང་ན་ཟླ་གཅིག་འགོར་གྱི་ཡོད་པས་ཁོང་གིས་དེ་ལྟར་མཐའ་འཁྱོངས་བྱས་ནས་ལོ་23སོང་ཡོད།
གདང་ལར་མཁའ་དབྱིངས་སུ་འདབ་ཆགས་མཐོང་དཀོན་པ་དང་ས་སྟེང་དུ་རྩྭ་ཡང་སྐྱེ་ཡི་མེད། ཟླ་6པར་ཁ་བ་ལྷབ་ལྷུབ་ཏུ་བབས་ནས་དུས་བཞིར་སྲིང་བལ་སྟོད་ཐུང་གྱོན་དགོས་ཀྱི་ཡོད། ལྷགས་པ་ཆེན་པོ་རྒྱག་དུས་རྡོ་ཧྲུག་ཀྱང་འཁྱེར་བ་དང་གསོ་རླུང་ཧ་ཅང་དཀོན་པའི་ཁོར་ཡུག་འདི་ལྟ་བུར་ཀྲུང་གོའི་ལག་རྩལ་ཆེ་མོ་བས་ལྕགས་ལམ་བཏིང་ཡོད།
ཐེངས་ཤིག་ཟམ་རྒྱག་འཕྲུལ་འཁོར་ལ་གློ་བུར་དུ་སྐྱོན་ཤོར་ནས་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་འཕྲུལ་འཁོར་པན་ཀྲང་ལི་ཝུན་ཧུའུ་ཡིས་སྲིང་བལ་སྟོད་གོས་དང་ལག་ཤུབས་ཕུད་དེ་ཟམ་རྒྱག་འཕྲུལ་འཁོར་འོག་ཏུ་འཛུལ་ནས་མྱུར་བཟོ་བྱས། ལས་ཀ་དཀའ་ལས་ཆེ་དྲགས་པས་ཁོང་ལ་ལ་དུག་ཕོག་སྟེ་ངོ་གདོང་སྨུག་པོར་གྱུར། ལས་རོགས་ཚོས་ཁོང་བརྗེ་བར་ཡོང་སྐབས་ལི་ཝུན་ཧུའུ་ཡིས“ངས་ཟམ་རྒྱག་འཕྲུལ་འཁོར་ལ་རྒྱུས་མངའ་ཆེ་ཤོས་ཡོད”ཅེས་བརྗོད་ནས་ཨུ་ཚུགས་ཀྱིས་མུ་མཐུད་ལས་ཀ་བྱས། དེར་བརྟེན་ལས་རོགས་ཀྱིས་ཁོང་ལ་གསོ་རླུང་སྦུ་གུ་བསྒར་བ་དང་ཁོང་གིས་གསོ་རླུང་རྔུབ་ཀྱིན་མྱུར་བཟོ་བྱས།
ཆུ་ཚོད་གཅིག་གི་རྗེས་སུ་ཟམ་རྒྱག་འཕྲུལ་འཁོར་གྱི་ལྡིར་སྒྲ་ཡང་བསྐྱར་གྲགས་འགོ་ཚུགས། ལི་ཝུན་ཧུའུ་ཡར་ལངས་རྩིས་བྱེད་སྐབས། སྟོད་གོས་ལ་འཁྱགས་པ་ཐེབས་ཏེ་ལྕགས་ལམ་དང་དམ་པོར་སྦྱར་ནས་ཡོད་པ་ཤེས།
མ་ལམ་སྤྱི་ལེ་663.669ཐེངས་གཅིག་ནང་བཏིང་ཞིང་། “གོམ་པ་ལན་གསུམ་སྤོས་ན་དབུགས་ཧལ་ནས་སྡོད་དགོས་པའི”ས་ཆ་དེར། ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་འཛུགས་སྐྲུན་པ་ཚོས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”བླ་ན་མེད་པའི་གོ་རྟོགས་ལ་བརྟེན་ནས། མིའི་རིགས་ཀྱི་མཐར་ཟད་ལ་ཡང་ནས་བསྐྱར་དུ་ཁ་གཏད་གཅོག་བཞིན་ཡོད།
གོར་མོའི་ལྕགས་ལམ་ཉམས་གསོའི་ལས་ཚུགས་ཐོག་ཐོན་གཙང་པོའི་ལམ་ཐིག་ལས་ཁུལ་གྱི་ལས་དཔོན་ལི་ཡུང་ལིན་གྱིས་གཙོས་པའི་ས་མཐོའི་ལམ་སྐྱོང་པ་8ལོ་ཉི་ཤུ་ཡི་རིང་ཉིན་གཅིག་ལྟར་མཁའ་ལམ་གྱི་ཡང་རྩེར་གཞིས་ཆགས་ཡོད། ཁ་བ་བུ་ཡུག་ཁྲོད་ཁོང་ཚོས་གསོ་རླུང་དམ་བི་དང་འཕྲལ་སྡོམ་སྨན་རྫས་ཁྱེར་ནས་འཁྱགས་སའི་ལམ་གཞིར་བདག་སྐྱོང་ཚགས་ཚུད་པོ་དང་ལྕགས་ལམ་ཁོད་སྙོམས་ཡོང་བར་ལེགས་སྒྲིག་ཞིབ་ཚགས་བྱས་ཏེ། མེ་འཁོར་འཛམ་གླིང་ཡང་རྩེར་བདེ་བླག་ངང་འཁོར་སྐྱོད་ཐུབ་པར་འཁང་ར་ཅི་ཡང་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད།
ཁོང་ཚོར་གནས་དེར་བརྟན་སྲུང་བྱས་ནས་སྡོད་དོན་ཅི་ཡིན་ཞེས་འདྲི་སྐབས། “གང་ལྟར་འདིར་བརྟན་སྲུང་བྱེད་མཁན་དགོས”ཞེས་ལི་ཡུང་ལིན་གྱིས་ལན་བཏབ། དེ་ནི་ཅི་འདྲའི་ཟོལ་མེད་བབ་ཆགས་ལ་མི་སེམས་འགུལ་བའི་ལན་ཞིག་རེད་ཨང་།
ལོ་20ལ་སོན་པའི་མཁའ་ལམ་དེ་ལང་ཚོའི་དཔལ་ཡོན་རབ་ཏུ་བཞད་ཅིང་། རྒྱང་ལམ་གསར་པར། མཁའ་ལམ་དེས་མུ་མཐུད་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཕུགས་འདུན་བཟང་པོ་བསྣམས་ཏེ། དེ་བས་དར་རྒྱས་དང་། བརྟན་ལྷིང་། བདེ་སྐྱིད་བཅས་ལྡན་པའི་རྒྱང་རིང་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།