རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་མཁོ་སྤྲོད་མ་ལག་བསྐྲུན་པ།
གློག་སྤྱོད་མཁན་དུད་ཚང་དུང་ཕྱུར་8ཙམ་ཟིན་པ།
ཉིན་ཤས་གོང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《2026ལོའི་ཀྲུང་གོའི་གློག་འདོན་འཕེལ་རྒྱས་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ་ལས་མངོན་པར། རང་རྒྱལ་དུ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་མཁོ་སྤྲོད་མ་ལག་བསྐྲུན་ནས། གློག་སྤྱོད་མཁན་གྲོང་མི་དང་ཕྲན་ཚེགས་ཁེ་ལས་ཀྱིས“གློག་དྲ་སྦྲེལ་མཐུད་ཀྱི་དངུལ་སྤྲོད་པའི”ལོ་རྒྱུས་མཇུག་འགྲིལ་ཏེ་མི་དམངས་མང་ཚོགས་ཀྱི་གློག་སྤྱོད་ཀྱི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
སྙན་ཞུ་ལས་མངོན་པར། 2025ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ལམ་ཚད་རྡོ་རིང་གསར་པར་སླེབས་ནས་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་10ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། གློག་སྤྱོད་མཁན་དུད་ཚང་དུང་ཕྱུར་8ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། རྒྱལ་ཡོངས་ས་གནས་ཁག་ཏུ་ད་དུང་གློག་འདོན་ཞབས་ཞུའི་དྲ་ཚིགས་ཁྲི་9.9བཙུགས་པར་ལས་ཀ་བྱེད་མཁན་ཁྲི་56ལས་བརྒལ་ཏེ་རང་རྒྱལ་གྱི་གློག་འདོན་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱལ་སྤྱིའི་ཨང་རིམ་དང་པོའི་ནང་ཚུད་རྒྱུར་སྐུལ་འདེད་བཏང་ཡོད།
ཞབས་ཞུ་བྱེད་ཐབས་རྒྱུན་མཐུད་གསར་གཏོད་བྱས་ཤིང་། མིག་སྔར་རང་རྒྱལ་གྱི་གློག་འདོན་ཞབས་ཞུ་དེ་སྤྱིར་ན་གཞི་རྩའི་མཁོ་སྤྲོད་ནས་སྤུས་ལེགས་ཉམས་ལེན་བྱེད་པར་བསྒྱུར་ཡོད། རྒྱལ་ཡོངས་སུ“ཨང་རྟགས་བཤེར་ནས་གློག་སྤྱོད་པ”དང“མཉམ་སྤྱོད་གློག་སྤྱོད”ཀྱི་དམངས་ཕན་གློག་དྲ་སྦྲེལ་མཐུད་ཀྱི་ཞབས་ཞུའི་ས་ཚིགས་ཁྲི་6.59བསྐྲུན་པ་དང་གློག་དྲའི་ཁེ་ལས་ཀྱི་དྲ་ཐོག་གི་ཞབས་ཞུའི་ལས་སྟེགས་སུ་ཐོ་འགོད་བྱས་པའི་སྤྱོད་མཁན་གྱི་གྲངས་འབོར་དུད་ཚང་དུང་ཕྱུར་5.7ཟིན་ཏེ་གློག་སྤྱོད་ལས་སྒོ་དྲ་ཐོག་ནས་གཉེར་ཚད་97%ལས་བརྒལ་ཡོད།
ལྗང་མདོག་ཕྱིར་སྐྱོད་ཀྱི་དྲ་རྒྱ་མགྱོགས་མྱུར་རྒྱ་སྐྱེད་ཐུབ་ཅིང་། རྒྱལ་ཡོངས་སུ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་ཀྱི་བསྡོམས་འབོར་ཁྲི་2000ལས་བརྒལ་བ་དང་། ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་གློག་སྒུལ་རྐང་འཁོར་གྱི་གློག་གསོག་སྒྲིག་ཆས་ཁྲི་21ལ་ཐོགས་མེད་ཀྱི་གློག་དྲ་སྦྲེལ་མཐུད་ཀྱི་ཞབས་འདེགས་ཞུས་པ་དང་། གློག་དྲ་སྦྲེལ་མཐུད་ཀྱི་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་གྲོན་ཆུང་ཐུབ་པ། ཁུལ་ཆུང་ཁྲི་7ལྷག་ཙམ་ལ་ཁྱབ་པ་བཅས་བྱུང་ནས། མང་ཚོགས་ལ་དེ་བས་གོང་ཁེ་དང་དེ་བས་སྟབས་བདེ་བའི་ལྗང་མདོག་ཕྱིར་སྐྱོད་ཀྱི་ཞབས་ཞུ་བསྒྲུབས་ཡོད།
འབྲེལ་ཡོད་གསར་འགྱུར།