ཧྲན་ཤིས་ཀྱི་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་འགག་སྒྲོལ་ལ་ལྟ་ཞིབ་བྱེད་པ།
ཉེ་བའི་ལོ་ཤས་རིང་། ཧྲན་ཤིས་ཞིང་ཆེན་གྱིས“ཆུ་བོ་དྭངས་མ་རྨ་ཆུར་རྒྱུག་པའི”སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་རྨ་ཆུའི“ཆུ་ཁུག་རྟ་རྨིག་མའི”འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་བརྒྱབ་ཡོད། དབྱར་ཟླ་འབྲིང་བའི་ནམ་དུས་སུ་གསར་འགོད་པ་རྨ་ཆུའི་ངོགས་གཉིས་སུ་སྐྱོད་སྐབས། སྔོ་ལྗང་དང་། ལས་དར། དམངས་ཕྱུག་བཅས་ཀྱི་རྣམ་པ་བཟང་པོ་ཡོངས་སུ་མངོན་ནས་བརྗིད་ཆགས་ཡིད་དུ་འོང་བའི་དཔེ་རིས་ཤིག་ཀུན་གྱི་མིག་ལམ་དུ་བཤམས།
མི་ཐབས་ལ་བརྟེན་ནས་སྔོ་ལྗང་འདེབས་འཛུགས་ཀྱིས་རྨ་ཆུའི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ།
ཞོགས་པའི་ཕེན་ཀོན་རྫོང་ལའོ་ཉིའུ་དབན་གྲོང་ཚོར་བསིལ་རླུང་ལྡང་བ་དང་བསྟུན་ནས་རྒྱ་ཤུག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ། རྨ་ཆུ་ལང་ལོང་དུ་རྒྱུག་པ་དང་། རི་ཀླུང་ཀུན་ཏུ་ཁྱབ་པའི་རྒྱ་ཤུག་ནི་རུ་སྟར་བསྒྲིགས་པའི་ལྗང་མདོག་སྲུང་དམག་དང་འདྲ་བར་རྨ་ཆུའི་སྐྱེ་ཁམས་སྲུང་བཞིན་མཆིས།
ཕེན་ཀོན་ནི་རྨ་ཆུ་ཧྲན་ཤིས་སུ་རྒྱུག་པའི་རྫོང་དང་པོ་ཡིན་ཞིང་། མའོ་ཝུའུ་སུའུ་བྱེ་ཐང་གི་མཐའ་རུ་གནས་པ་དང་། རྨ་ཆུའི་ཆུ་འགྲམ་དང་རི་ཁུལ་ཁ་ཤས་ཀྱི་རི་དེ་དག་རྡོ་ཐལ་བྲག་རྡོ་དང་བྱེ་རྡོ་ལས་གྲུབ་པས་ཧ་ཅང་སྲ་ཞིང་བརྟན་པོ་ཡོད། དེ་ཁུལ་དུ་རི་གཟར་བ་དང་། ས་རྒྱུ་སྲབ་པ། རྡོ་ཧྲུག་མང་བ་དང་། ས་རིམ་མཐུག་ཚད་ལི་སྨི་25ཡང་ཟིན་གྱི་མེད། རྡོ་རྒྱུའི་རི་སྟེང་འདི་འདྲ་བའི་ཐོག་ལྗོན་ཤིང་འདེབས་སྐབས་འཇོར་གཞུ་ཐེངས་གཅིག་ལ་མེ་སྟག་མཆེད་དེ་ས་དོང་འདྲུ་བར་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད། ཡིན་ནའང་ཕེན་ཀོན་བས་མི་དང་རྟ་ལ་བརྟེན་ནས་རི་སྟེང་དུ་ས་དབོར་ཞིང་། ལོ་50ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རྡོ་སྲུབས་ཁྲོད་དུ་སྔོ་ལྗང་ལྗོན་ཤིང་འདེབས་ཐུབ་པ་བྱུང་། ད་ཆ་ཕེན་ཀོན་རྫོང་དུ་ནགས་རྩྭ་ཁེབས་ཚད་2012ལོའི་21.5%ནས་48.6%བར་འཕར་བ་དང་། ལྕགས་རི་རིང་པོ་དང་། རྨ་ཆུ། ཀོན་ཧོ་ཆུ་བོ་བཅས་ཀྱི་སྤྱི་ལེ་130ཟིན་པའི་འགོག་སྲུང་ནགས་ཚལ་ཁུལ་གསུམ་བརྗིད་ཆགས་ཤིང་འགྱིང་ངེར་གནས་ཡོད།
སྔོ་ཐིང་ངེར་གནས་པའི་ཕེན་ཀོན་རྫོང་ནི་ཧྲན་ཤིས་ཞིང་ཆེན་གྱི་ཁུལ་ཡོངས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གི་བསྡུས་རིས་ཤིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཧྲན་ཤིས་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་2187བྱས་པས། ས་ཆུ་སྲུང་འཛིན་ཐུབ་ཚད་2020ལོའི་62.38%ནས་2025ལོའི་66.26%བར་མཐོ་རུ་ཕྱིན་ཏེ། ས་ཆུ་ཤོར་བའི་རྒྱ་ཁྱོན་དང་ཚབས་ཆེ་ཚད་གཉིས་ཀ་ཆག་ཡོད།
བཙན་ཐབས་ཀྱིས་སྦཌ་བཙོག་བཅོས་སྐྱོང་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་ལྗང་མདོག་གི་འགུལ་ནུས་འཕེལ་བར་བྱེད་པ།
དེ་སྔ་རྨ་ཆུའི་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་བཟོ་གྲྭ་མང་བས། བཟོ་ལས་སྙིགས་ཆུ་ནི་སྐབས་ཤིག་རིང་རྨ་ཆུའི་ཆུ་ལག་ལ་གནས་པའི་གནད་དོན་ལ་གྱུར་ཡོད། ད་ཆ། བཙན་ཐབས་ཀྱིས་སྦགས་བཙོག་བཅོས་སྐྱོང་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་སྒྱུར་བྱས་པས། རྨ་ཆུའི་ངོགས་གཉིས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་བཞིན་མཆིས།
ཡུན་ཁྲེང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གི་ཁྲིམས་སྒྱུར་ཡན་ལག་རུ་ཁག་གཉིས་པའི་རུ་དཔོན་ཅིང་ཧུང་ཚའེ་དེ་སྔ་ཡུན་ཁྲེང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཚྭ་མཚེའུ་ཡན་ལག་ཅུས་སུ་ལས་ཀ་བྱེད་མྱོང་ཡོད་ཅིང་། ཁོང་གིས་ལོ་ཉི་ཤུ་ཡི་རིང་ཉིན་གཅིག་ལྟར་ཁོར་ཡུག་སྲུང་སྐྱོང་གི་འཐབ་ས་དང་པོར་འབད་འཐབ་བྱས་ནས་སྦགས་བཙོག་སྐོར་གྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཁག་ཁྲི་ཁ་ཤས་ལ་བདག་སྤྲོད་བྱས་ཏེ“སྦགས་བཙོག་གི་གནད་དོན”རེ་རེ་བཞིན་ཐག་གཅོད་བྱས་ཡོད། “སྐྱེ་ཁམས་ཁོར་ཡུག་ནི་དམངས་འཚོ་དང་འབྲེལ་བ་ཡོད། མང་ཚོགས་ཀྱི་དོན་དག་ཇི་ལྟར་ཆུང་ནའང་དོན་ཆེན་ཡིན” ཁོང་གི་བརྟན་སྲུང་ལས་མི་སེར་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
རྨ་ཆུའི་ངོགས་ཀྱི་སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་བ་དེ་ནི་རི་མཐོ་གཡང་གཟར་ཁྲོད་ནས་མངོན་གྱི་ཡོད་ལ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བའི་ཞིབ་ཕྲའི་གནས་ལས་ཀྱང་མངོན་གྱི་ཡོད། ཡུན་ཁྲེང་གྲོང་ཁྱེར་དུ། ཆིང་ཧའེ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲའོ་ཧྲུའུ་ཧའེ་ཡིས་ཆུ་སྲུང་ལུད་སྲུང་ལག་རྩལ་སྤྱད་ནས་དེ་སྔ་ཞིང་ནགས་བདག་སྐྱོང་བྱེད་རིང་གི“ཆུ་སྲུང་དཀའ་བ་དང་ལུད་སྲུང་དཀའ་བའི”སྲོལ་རྒྱུན་རྣམ་པར་འགྱུར་ལྡོག་བཏང་སྟེ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་ཞིང་ཆུ་གྲོན་ཆུང་ལ་ཇུས་གཞི་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད།
སྐྱེ་ཁམས་ཀྱི་ཁེ་སྤོགས་དེ་ཉིད་མི་སེར་གྱི་བདེ་རྩར་འགྱུར་བར་བྱེད་པ།
ཤིང་འཛུགས་ནགས་བཟོ་བརྒྱུད་སྐྱེ་ཁམས་སྲུང་བཅད་བརྟན་དུ་ཕྱིན་པ་མ་ཟད། དམངས་ཕྱུག་ཐོན་ལས་དེ་བས་འཕེལ་རྒྱས་ཕྱིན་ཏེ་རྨ་ཆུའི་རྒྱུད་ཀྱི་མི་སེར་རྣམས་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་སྐུལ་འདེད་ཐེབས་ཡོད།
ཕེན་ཀོན་རྫོང་ལའོ་ཉིའུ་དབན་གྲོང་ཚོ་ནི་གསོན་ཉམས་དོད་པའི་མཚོན་བྱེད་ཅིག་རེད། ལོ་82ལ་སླེབས་པའི་ཡུལ་མི་ཝང་རུང་ཉུས་དེ་སྔ་སྐྱེ་ཁམས་ཞན་པའི་རྐྱེན་གྱིས་དབུལ་ཕོངས་ཀྱི་གནས་སུ་གྱར་བ་དང་། ད་ཆ་རི་སྔོན་ཆུ་དྭངས་ལ་བརྟེན་ནས་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱུང་ཞིང་། ཁོང་གིས་རང་ཁྱིམ་གྱི་ཁྲ་མའི་སྦྱར་རིས་ཁྲོམ་བཀྱག་ལ་མཛུབ་མོ་འཛུགས་བཞིན“དེ་སྔ་རི་བོ་སྐྱ་ཐེར་ཐེར་ཡིན་པ་དང་ཆུ་བོ‘འདམ་ཁུ’དང་འདྲ་བས། འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ད་ཆ་རི་བོ་སྔོ་ལྗང་དུ་གྱུར་པ་དང་ཆུ་མོ་དྭངས་སུ་ཕྱིན་པས་ཡུལ་སྐོར་བ་མང་པོ་ཡོང་གི་འདུག ངས་ཁྲ་མའི་སྦྱར་རིས་འབྲེག་པ་དང་ལག་ཤེས་ཐོན་རྫས་འཚོང་གི་ཡོད་པས་ལོ་གཅིག་ལ་དངུལ་མང་པོ་རག་གི་འདུག”ཅེས་བརྗོད།
གྲོང་ཚོའི་ནང་ད་དུང་དམངས་སྲོལ་གནས་ཚང་དང་ཞིང་དུད་སྤྲོ་སྐྱིད་ཁང་བསྐྲུན་ཡོད་ཅིང་། སྐྱེ་ཁམས་ཡུལ་སྐོར་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱས་པ་བརྒྱུད་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ཡང་མ་ཟིན་པ་ནས་སྒོར་ཁྲི་3.5བར་འཕར་ཏེ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལ་དངོས་འབྲེལ་གྱུར་ཐུབ་ཡོད།
ལུའེ་ལེང་རི་ཁུལ་དུ། ལིན་རྫོང་གིས་ཁ་སུར་དམར་པོ་སོགས་ཀྱི་སྐྱེ་ཁམས་དཔལ་འབྱོར་ནགས་ཚལ་མུའུ་ཁྲི་50ལྷག་ཙམ་འཕེལ་རྒྱས་ཤུགས་ཆེན་བཏང་བས། རི་ཀླུང་ཀུན་ཏུ་ཁྱབ་པའི་ཁ་སུར་དམར་པོའི་ནགས་ཚལ་དེ་ཉིད་ས་ཆུ་བརྟན་སྲུང་གི“སྐྱེ་ཁམས་སྲུང་བཅད”ལ་གྱུར་པ་མ་ཟད། ཡུལ་མི་ཚོའི་ཡོང་འབབ་འཕར་བའི་གྲོང་གསེབ་ཀྱི་ཐོན་ལས་ལ་ཡང་གྱུར་ཡོད།
ཕེན་ཀོན་རྫོང་ལའོ་ཉིའུ་དབན་གྲོང་ཚོའི་སྔོ་ལྗང་ལྗོན་ཤིང་ནས་ཡུན་ཁྲེང་ཚྭ་མཚེའུ་ཡི་དྭངས་ཤིང་གཙང་བའི་ཆུ་མོའི་བར་དང་། དེ་ནས་ལུའེ་ལེང་རི་ཁུག་གི་དྲི་ཞིམ་འཐུལ་བའི་ཁ་སུར་དམར་པོའི་བར། ཧྲན་ཤིས་ཞིང་ཆེན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་བཅོས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུའི་རྒྱུད་ཀྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་། མ་ཡུམ་ཆུ་བོས་མི་དམངས་ལ་ཡུན་རིང་བདེ་རྩ་སྐྲུན་ཐུབ་པ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།