དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་སྲིད་ཏང་དང་སྲིད་ཕྱོགས་མི་སྣ་གལ་ཆེན་མང་པོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྡུག་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་ཆབས་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་ནུས་ལྡན་བཏང་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད། འདི་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ལོ་ཟླ་རིང་མོའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་དང་བསམ་སྦྱོར་གཅིག་མཐུན་བྱས་ནས་ཐོབ་པའི་བདེན་དོན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུར་འོད་སྟོང་འཕྲོ་བའི་གྲུབ་འབྲས་མུ་མཐུད་ལེན་ཐུབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

    ཐུར་ཁེའི་དྲང་བདེན་དང་འཕེལ་རྒྱས་ཏང་གི་ཀྲུའུ་ཞི་དང་ཙུང་ཐུང་གཅིག་ལྕོགས་ཨེར་ཏོའོ་ཨན་གྱིས། ངས་དྲང་བདེན་དང་འཕེལ་རྒྱས་ཏང་དང་། ཐུར་ཁེའི་མི་དམངས། ཐུར་ཁེ་རྒྱལ་ཁབ་བཅས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་འཆར་འགོད་འོག དེང་གི་ཀྲུང་གོར་གོ་ལ་ཧྲིལ་པོའི་རིམ་ངོས་ནས་སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་དར་རྒྱས་སྲུང་སྐྱོང་བྱ་ཆེད་བཏོན་གནང་བའི་གྲོས་འགོ་དང་ཐུགས་འདུན་ལ་ངས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། དྲང་བདེན་དང་འཕེལ་རྒྱས་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཏང་གཞན་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས། ལོ་105ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྣེ་ཁྲིད་དེ་དཔལ་འབྱོར་སོགས་ཁྱབ་ཁོངས་མང་པོར་སྐྱེ་བོ་ཀུན་གྱིས་བརྩི་འཇོག་དང་ཡིད་སྨོན་བྱེད་པའི་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལས་མངོན་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། ཕྱོགས་མང་རིང་ལུགས་བཅས་བརྩོན་ལེན་བྱེད་པར་གཞོལ་བའི་མི་དམངས་ཡོངས་ལ་རེ་བ་སྦྱིན་ཡོད། སར་པི་ཡ་དང་ཀྲུང་གོའི་དབར་མཛའ་བརྩེ་ཟབ་མོ་ལྡན་པ་མ་ཟད་ད་དུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པས་སར་པི་ཡ་ཕྱོགས་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱས་ནས་མིག་སྔའི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་འདོད་ཡོད་ཅེས་གསུངས་པ་རེད།

    ས་མོ་ཡ་ཤིན་ཐུང་ཏང་གི་འགོ་གཙོ་དང་སྲིད་གཞུང་གི་ཙུང་ལི་ལཱ་ཝུའུ་ལིས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་དང་སྤྲོ་སྣང་ལྡན་པའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་སྣེ་ཁྲིད་དེ་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་ཀྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཁྱབ་བསྒྲགས་བྱས་པ་དེ་ནི་བསྔགས་བརྗོད་བྱེད་འོས་པའི་གྲུབ་འབྲས་རླབས་ཆེན་ཞིག་རེད་ལ། དེ་ལག་བསྟར་བྱས་པ་ལས་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་སྣེ་ཁྲིད་དེ་ཞི་བདེ་དང་དར་རྒྱས་མངོན་འགྱུར་བྱེད་པའི་བྱ་གཞག་ཁྲོད་སླར་ཡང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་པར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ད་དུང་རྒྱལ་ཁབ་མང་པོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པས་རྟེན་འབྲེལ་གློག་འཕྲིན་དང་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།