མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་སུའེ་ཙེར་གྱི་རི་ནེ་ཝའི་དབན་གོ་ཕོ་བྲང་དུ་སྤེལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་སུའེ་ཙེར་གྱི་རི་ནེ་ཝའི་དབན་གོ་ཕོ་བྲང་དུ“མཛེས་པའི་མཚོ་སྔོན། རང་བྱུང་དང་མི་ཆོས་རིག་གནས་མཉམ་འདྲེས་ཀྱི་དག་ཞིང་། མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས”ཞེས་པའི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱེད་སྒོ་མཉམ་དུ་སྤེལ་བ་རེད། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་དང་། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་ཝ་ལུའོ་ཝ་ཡ། རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་བ་ཅ་ཀུའེ་ཏེ་བཅས་སོ་སོས་ཤིས་ཚིག་བསྒྲོན་པ་དང་རྒྱལ་ཁབ་མང་པོའི་རྒྱུན་སྡོད་འཐུས་མི་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་མི་200ཙམ་བྱེད་སྒོར་ཞུགས་པ་རེད།
ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་བྱེད་སྒོར་ཞུགས་མཁན་སྐུ་མགྲོན་ཚོར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས། མཚོ་སྔོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་ཡིན་པས། འཛམ་གླིང་ལ་དགེ་མཚན་ལྡན་པའི་བློ་སྒོ་སྔར་བས་མང་བ་ཕྱེ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གི་གྲོགས་པོ་ཚོ་མཚོ་སྔོན་དུ་བསྐྱོད་དེ་མཚོ་སྔོན་གྱི་རང་བྱུང་མཛེས་པ་དང་། མི་ཆོས་རིག་གནས་ཀྱི་མཛེས་པ། འཕེལ་རྒྱས་ཀྱི་མཛེས་པ་བཅས་དངོས་སུ་མྱོང་བར་གདན་དྲངས་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝ་ལུའོ་ཝ་ཡས། ཀྲུང་གོའི་མཚོ་སྔོན་གྱི་ལག་ལེན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བརྗོད་ན་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་པ་དང་། 《2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ》གྱི་གོ་ལ་ཧྲིལ་པོའི་བྱ་སྤྱོད་འཆར་གཞི་ཐུན་མོང་ཐོག་དོན་འཁྱོལ་བྱ་ཆེད་དཔེ་མཚོན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད། ཅ་ཀུའེ་ཏེས་མཚོ་སྔོན་གྱི་གཏམ་རྒྱུད་ལས་འདྲ་མཉམ་དང་མཐུན་སྒྲིལ་གྱི་ཀྲུང་གོའི་མི་རིགས་སྲིད་ཇུས་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལག་ལེན་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་ཁས་ལེན་བཅས་མཚོན་པས་གྲོགས་པོ་དེ་བས་མང་བས་མཚོ་སྔོན་དང་ཀྲུང་གོ་རྒྱུས་ལོན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་སྒྲིལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།