དྲ་ཐོག་གི“ཀན་ལྷོའི་མཛེས་ལྗོངས་ཁུལ་ཚང་མ་རིན་མེད་ཡིན”ཞེས་པའི་ཆ་འཕྲིན་རྫུན་མ་ཡིན་ལ་སྤ་སེའི་རིན་གོང་ཆག་ཡང་ལའང་ཚད་བཀག་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དྲ་སྟེགས་ཁག་གཅིག་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མཛེས་ལྗོངས་ཁུལ་ཚང་མར་རིན་མེད་སྤྲོ་གསེང་ལྟ་སྐོར་བྱེད་ཆོག་པའི་སྐོར་གྱི་ཆ་འཕྲིན་ཐོན་པར། ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གསར་འགོད་པར་ཀན་ལྷོ་ཀྲོའུ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ཆ་འཕྲིན་དེ་རིགས་ཚང་མ་དཀྲོག་གཏམ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཀན་ལྷོ་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཆ་འཕྲིན་རྫུན་མ་ཞིབ་བཤེར་ཐུབ་རྗེས། འཕྲལ་མ་ཉིད་དུ་དཀྲོག་གཏམ་སེལ་བའི་གསལ་བསྒྲགས་སྤེལ་ཞིང་། ཆ་འཕྲིན་དེ་རིགས་ནི་ཡུལ་སྐོར་ཁང་ཁག་གཅིག་དང་མི་སྒེར་གྱིས་རྫུན་བཟོ་བྱས་པ་རེད་ཅེས་ཁ་གསལ་བསྟན་ཡོད། མིག་སྔར། ཀན་ལྷོ་ཀྲོའུ་ཡིས་རྐྱེན་གང་ཡང་མེད་པར་སྤ་སེའི་རིན་གོང་ཆག་ཡང་གི་གཟིགས་སྐྱོང་སྲིད་ཇུས་བཏོན་མེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀན་ལྷོ་ཀྲོའུ་ལ་Aརིམ་པའི་མཛེས་ལྗོངས་ཁུལ་41ཡོད་པའི་ནང་བྱིས་པ་དང་། སློབ་གྲྭ་འགྲིམ་མུས་ཀྱི་སློབ་གྲྭ་ཆེ་མོ་བ། རྒན་རྒོན། དངོས་ཞབས་དམག་མི་དང་དམག་ཞབས་ཐིམ་པའི་དམག་མི། ཉེན་རྟོག་པ། ཡུལ་སྐོར་སྣེ་ཤན་པ། ས་གནས་དེ་གའི་གྲོང་མི་སོགས་ལ་ཚད་གཞི་མི་འདྲ་བའི་སྤ་སེའི་རིན་གོང་ཆག་ཡང་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་རེད།
དེ་མིན། ཐེན་ཅིན་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་ནི་ལྷོ་ནུབ་ཁུལ་གྱི་མཉམ་ལས་འབྲེལ་བ་ཡིན་པས། ཀན་ལྷོ་ཀྲོའུ་ཡིས་ཐེན་ཅིན་ནས་ཡིན་པའི་མི་དང་། ཐེན་ཅིན་གྱི་གོ་ཆོད་གནས་སྡོད་ལག་ཁྱེར་ཡོད་མཁན། ཐེན་ཅིན་དུ་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་མཁན་སོགས་ལ་ཁོངས་གཏོགས་ཁུལ་གྱི་Aརིམ་པའི་མཛེས་ལྗོངས་ཁུལ(བོད་བརྒྱུད་ནང་བསྟན་དགོན་པ་ཕུད)དུ་སྤ་སེ་ཉོ་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།