ཀྲུང་གོའི་ཁེ་ལས་འཛུགས་སྐྲུན་ནང་ཞུགས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་ལྕགས་ལམ་ཐོག་མ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོ་ཀྲུང་ཐེ་རྒྱལ་སྤྱིའི་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཀྲུང་ཁྲེ་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཨར་ལས་འཛུགས་སྐྲུན་ཚད་ཡོད་ཀུང་སི་སོགས་ཀྲུང་གོའི་ཁེ་ལས་མང་པོ་ཞུགས་པ་དང་སྐྲུན་འགན་འཁུར་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་ལྕགས་ལམ་ཐོག་མ་སྟེ། ཨ་ཐི་ཧ་ཏེ་འགྲུལ་སྐྱེལ་ལྕགས་ལམ་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
ཨ་ཐི་ཧ་ཏེ་འགྲུལ་སྐྱེལ་ལྕགས་ལམ་གྱི་དུས་ཐེངས་དང་པོར་ཤར་གཏོང་ཐུབ་པའི་ཨབ་ཀྲ་པེ་ནས་ཕུའུ་ཁྲ་དབྱི་ལ་བར་གྱི་ལམ་ཐིག་ཧྲིལ་པོའི་འཁོར་སྐྱོད་དུས་ཚོད་ཆུ་ཚོད་1དང་སྐར་མ་45ཙམ་ཡིན་ཞིང་། འཆར་འགོད་ལྟར་ན། ལྕགས་ལམ་དེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཚོ་དཔོན་རྒྱལ་ཁབ་7གྱི་གྲོང་ཁྱེར་དང་ས་ཁུལ་11སྦྲེལ་མཐུད་བྱས་པ་དང་འགྲུལ་སྐྱེལ་མེ་འཁོར་འབབ་ཚུགས་11བཀོད་སྒྲིག་བྱས་ཤིང་། སྔོན་དཔག་ལྟར་ན། 2030ལོར་སླེབས་སྐབས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་3600ཟིན་རྒྱུ་རེད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཙེང་ཅི་ཤིན་གྱིས། རྣམ་གྲངས་དེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་རྨང་གཞིའི་སྒྲིག་བཀོད་ཀྱི་སྟོང་ཆ་བསྐངས་པ་དེ་ནི་ཀྲུང་ཨ་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ཞིང་། དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་དཔེ་མཚོན་ཡག་པོ་བཏོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།