དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ནམ་དུས་ཚ་གྲང་སྙོམས་ལ། འགྲན་བསྡུར་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-03


    འདི་ནི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཡིན་པ།

    འདི་ནི་བྱེས་བགྲོད་རྐང་འཁོར་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་རྟ་རྩལ་འགྲན་ཡུལ་ཡིན་པ།

    འདི་ནི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི་ཆུ་རྐྱལ་འགྲན་བསྡུར་སྐབས་དྲུག་པའི་འགྲན་བསྡུར་བྱ་ཡུལ་ཡིན་པ།

    དབྱར་ཟླ་དྲུག་པའི་བོད་ལྗོངས་ཀྱི་ཆར་ལྡན་ནམ་དུས་ཤིན་ཏུ་སྐྱིད། ཉི་འོད་ལྷམ་ལྷམ་འཚེར་ཡང་བསིལ་རླུང་གི་རེག་བྱ་དེ་བས་འཇམ། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་འཁྲུག་པ་དང་། རྟ་རྒྱུག་ཐང་དུ་འདོ་བ་རྟ་ཡི་བང་ཁ་མྱུར་བ། ཆུ་རྐྱལ་ཁང་དུ་རླབས་ཕྲེང་མཁའ་ལ་འཕྱོ་བ་སོགས་ལུས་རྩལ་འགྲན་བསྡུར་ཤིན་ཏུ་མང་།

    སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པའི་ལུས་རྩལ་གྱི་མཛེས་རིས་རེ་རེ་དག་གངས་ལྗོངས་ས་མཐོར་དལ་གྱིས་འགྲེམས་འོང་།

    ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་གཉེར་ཞིང་། ལྷ་ས་གྲོང་ཁྱེར་གྱི་ཚད་གཞི་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཞུགས་རྒྱ་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པའི་སྐབས་འདིའི་འགྲན་བསྡུར་ནང་རྩལ་འགྲན་རང་བཞིན་དང་། མང་ཚོགས་རང་བཞིན། མི་རིགས་རང་བཞིན་བཅས་གཞི་གཅིག་ཏུ་འདུས་ནས་དམངས་ཡོངས་ལུས་སྦྱོང་དང་སྣང་སྐྱིད་ལུས་རྩལ་གྱི་དུས་རབས་ཀྱི་དར་སྲོལ་གསར་པ་དེ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། འགྲན་རའི་ཐོག་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཆུ་རྐྱལ། བྱེས་བགྲོད་རྐང་འཁོར་སོགས་དེང་རབས་ཀྱི་རྩལ་འགྲན་རྣམ་གྲངས་ཀྱི་འགྲན་བསྡུར་འཁྲུག་པོ་བྱས་ནས་མྱུར་ཚད་ཀྱི་མཛེས་པ་དང་སྟོབས་ཤུགས་ཀྱི་མཚར་སྣང་ངོམས་ཡོད། རྟ་རྒྱུག་དང་། གཉའ་བཅག རྡོ་སྒོར་སོགས་མི་རིགས་ཀྱི་སྲོལ་རྒྱུན་རྣམ་གྲངས་ངོ་མཚར་ཆེ་ལ། ས་མཐོའི་ཁྱད་ཆོས་རྒྱུན་འཛིན་བྱས་ནས་རིག་གནས་ཀྱི་ནང་དོན་ཡང་མངོན་པར་བྱས་ཡོད། འདུ་ཚོགས་གཟབ་རྒྱས་དེ་ནི་ལུས་རྩལ་པས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་རང་ཉིད་ལས་རྣམ་པར་རྒྱལ་བའི་རྩལ་འགྲན་གར་སྟེགས་ཤིག་ཡིན་པ་མ་ཟད། དེ་བས་ཀྱང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། སེམས་ནུས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།

    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་བོད་ཀྱི་2026ལོའི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་འགོ་ཚུགས་བྱེད་སྒོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཚོང་དོན་ཐིང་དང་རིག་གནས་ཡུལ་སྐོར་ཐིང་དང་མཉམ་འབྲེལ་བྱས་ཏེ་ཟླ་བ་དྲུག་པ་ནས་དགུ་པའི་བར་ལྗོངས་ཡོངས་སུ“ལུས་རྩལ་འགྲན་བསྡུར་དུས་ཚིགས”སྤྱི་འདོམས་ཐོག་གཉེར་རྒྱུ་དང་ལོ་ཧྲིལ་པོར་གཙོ་གནད་འགྲན་བསྡུར་ཐེངས་23གཉེར་རྩིས་ཡོད་པ་རེད། རིམ་སྤེལ་བྱེད་སྒོས་ལྗོངས་ཕྱི་ནང་གི་རྒྱ་ཆེའི་བདམས་ཐོན་པ་དང་མང་ཚོགས་ཞུགས་རྒྱུའི་ཡིད་དབང་བཀུག་ནས་བོད་ཀྱི་ལུས་རྩལ་འགྲན་བསྡུར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་ཆེ་རུ་འགྲོ་རྒྱུ་རེད།

    ལུས་རྩལ་འགྲན་བསྡུར་ནི་དུས་རབས་གསར་པའི་བོད་ཀྱི་གཟུགས་བརྙན་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་དེ་བས་ཀྱང་རེད། ཆེད་ལས་འགྲན་ར་ནས་གྲོང་གསེབ་ཀྱི་འགྲན་རའི་བར་དང་རྩལ་འགྲན་ནས་དམངས་ཡོངས་ཞུགས་པའི་བར་ལུས་རྩལ་གྱི་སྤྲོ་སེམས་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་ཏུ་ཁྱབ་ཡོད། 


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།