“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་ཡིག་གཟུགས་དང་པར་ལེན་གྱི་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུའི་བྱེད་སྒོ་སྐབས་བརྒྱད་པ་ཟླ་7ཚེས་1ཉིན་འགོ་ཚུགས་པ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་རྣམ་པ་བཟང་པོ་གསོན་ཉམས་དོད་པོས་མངོན་པ་བཅས་བྱ་ཆེད། ཟླ་7ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་སྒྲུབ་འགན་ཁུར་བའི“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཡིག་གཟུགས་དང་པར་ལེན་གྱི་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུའི་བྱེད་སྒོ་སྐབས་བརྒྱད་པ་དངོས་སུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ཟླ་9ཚེས་30ཉིན་བར་དུ་སྤེལ་རྒྱུ་ཡིན། སྐབས་འདིའི་བྱེད་སྒོས་སྐབས་རིམ་བྱུང་གི་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག རྣམ་པ་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས། ཆེད་དོན་འཚོལ་བསྡུ་དྲིལ་བསྒྲགས་དང་རིག་རྩལ་བརྩམས་ཆོས་བསྡུ་རུབ་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཡིག་གཟུགས་ལས་བརྩེ་བ་མཚོན་པ། འོད་བརྙན་ལས་དངོས་བྲིས་མཚོན་པ། གཏམ་རྒྱུད་ལས་མི་སྣ་སྐྱོང་བ་བཅས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་ཕུགས་འདུན་གཏོད་པ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་དུས་རབས་གསར་པའི་ཉམས་འགྱུར་མངོན་པར་བྱེད་རྒྱུ་རེད།
བྱེད་སྒོར་ཡིག་གཟུགས་དང་པར་ལེན་བརྩམས་ཆོས་བསྡུ་རུབ་ཀྱི་ཚན་པ་གཉིས་བཀོད་སྒྲིག་བྱས་ཤིང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དམ་འཛིན་བྱ་གཞིར་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་གཏིང་ཟབ་པ། ནང་དོན་ཡར་ཐོན་བཅས་ཀྱི་རིག་རྩལ་བརྩམས་ཆོས་ཕུལ་བྱུང་བསྡུ་རུབ་རྒྱ་ཁྱབ་བྱེད་རྒྱུ་ཡིན་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལ་དགའ་པོ་བྱེད་མཁན་རྣམས་དེའི་ནང་ཧུར་ཐག་ཞུགས་ཏེ། པིར་རྩལ་དང་པར་རྩལ་ལ་བརྟེན་ནས་རང་ལྗོངས་ཀྱི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དང་དྲོ་སྐྱིད་ལྡན་པའི་སྐད་ཅིག་མ་ཟིན་ཐོར་བཀོད་པའི་བརྩམས་ཆོས་གང་མང་བསྐུར་བར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་གི་ཡིན། ང་ཚོས་ད་ཐེངས་ཀྱི་བརྩམས་ཆོས་བསྡུ་རུབ་དེ་དུས་ཐེངས་7པའི་རིམ་སྤེལ་ཆེད་དོན་འཚོལ་བསྡུའི་ལེ་ཚན་དང་ཕན་ཚུན་མཉམ་འགུལ་དང་ཕན་ཚུན་གསབ་རེས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོའི་བྱ་གཞག་ཡར་རྒྱས། མི་རིགས་མཐུན་སྒྲིལ་འཛུགས་གཏོད་བཅས་ཀྱི་ཕན་འབྲས་གསར་པ་དང་། འགྱུར་ལྡོག་གསར་པ། རྣམ་པ་གསར་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག བསྡུ་རུབ་ཁྲོད་འདེམས་སྒྲུག་བྱུང་བའི་ཕུལ་བྱུང་གི་བརྩམས་ཆོས་དང་དེ་བཞིན་དེའི་རྒྱབ་ཀྱི་མི་སེམས་འགུལ་བའི་གསར་རྩོམ་གཏམ་རྒྱུད་དག་ཆེད་དོན་འཚོལ་བསྡུ་དང་འཕྲིན་སྤེལ་གྱི་རྒྱུ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཏེ། “བརྩམས་ཆོས་ལས་གཏམ་རྒྱུད་སྙན་མོ་ཐོན་པ་དང་གཏམ་རྒྱུད་ལས་བརྩམས་ཆོས་རྩེ་གྲ་ཐོན་པའི”ཁྱབ་སྤེལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཡིད་དབང་འགུག་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་རྒྱུན་མཐུད་གཏོང་གི་ཡིན།
གཅིག བྱེད་སྒོའི་བརྗོད་དོན་གཙོ་བོ།
“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཡིག་གཟུགས་དང་པར་ལེན་གྱི་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུའི་བྱེད་སྒོ་སྐབས་བརྒྱད་པ།
གཉིས། བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས།
རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཡིག་གཟུཌ་མཁས་ཅན་དང་པར་ལེན་ལ་དགའ་མཁན་ཚོར་ཕྱོགས་ནས་བརྩམས་ཆོས་བསྡུ་རྒྱུ་ཡིན་པས། མཐོང་སྣེ་སྣ་མང་གི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཕུན་སུམ་ཚོགས་པོ་མཚོན་དགོས།
གསུམ། བརྩམས་ཆོས་བསྡུ་སྟངས།
1. མི་སྒེར་སོ་སོས་བརྩམས་ཆོས་སྐྱེལ་བ།
2. ས་ཁུལ(གྲོང་ཁྱེར)ཁག་གི་མི་རིགས་ལས་དོན་ཨུ་ལྷན(མི་རིགས་ཆོས་ལུགས་ལས་དོན་ཅུས)དང་། སློབ་གྲྭ སྡེ་ཁུལ་བཅས་ཀྱིས་གཅིག་གྱུར་བདམས་ནས་སྐྱེལ་བ།
བཞི། བརྩམས་ཆོས་ཀྱི་བླང་བྱ།
(གཅིག) ཡིག་གཟུགས་བརྩམས་ཆོས།
1. བརྩམས་ཆོས་ཀྱི་ནང་དོན་དེ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་དང་དམ་པོར་སྦྲེལ་ནས། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་། བོད་ཀྱི་འཕེལ་རྒྱས་གྲུབ་འབྲས། མི་རིགས་ཁག་དབར་གྱི་བརྩེ་བ་ཟབ་མོ་བཅས་ལ་བསྟོད་གླུ་འབུལ་བ་ཞིག་ཡིན་དགོས་ཤིང་། རྒྱ་བོད་ཡིག་གཟུགས་བརྩམས་ཆོས་གཉིས་ཀ་ཚུད་ཀྱི་ཡོད།
2. བརྩམས་ཆོས་ཀྱི་ཚད་གཞི་ལ། ཤོག་བུའི་རིང་ཚད་ཁྲེ་ཙེ་6ནང་ཚུན་ཡིན་དགོས་ལ། ཚང་མ་གཞུང་བྲིས་རྣམ་པའི་ཤོག་བུ་ནར་མོ(མཐོ་ཚད་ལ་ལི་སྨི་180ལས་བརྒལ་མི་རུང་བ་དང་ཞེང་ཚད་ལ་ལི་སྨི་95ལས་བརྒལ་མི་རུང)ཡིན་དགོས།
3. བརྩམས་ཆོས་རྒྱབ་ཀྱི་གཡས་ངོས་གཤམ་དུ་ཞ་སྨྱུག་གིས་དབུ་ཅན་ནས་རང་མིང་དང་། ཕོ་མོ། ཐོབ་ཐང་ལག་ཁྱེར་ཨང་གྲངས། རྒྱུན་སྤྱོད་འཕྲིན་ཡིག་བསྐུར་ས། འབྲེལ་གཏུག་ཁ་པར་ཨང་གྲངས། བརྩམས་ཆོས་ཀྱི་མིང་བཅས་འགོད་དགོས། ཆ་འཕྲིན་ཁ་གསལ་བཀོད་མེད་རིགས་དཔྱད་འདེམས་བྱེད་ཀྱི་མིན།
(གཉིས) པར་ལེན་བརྩམས་ཆོས།
1. དེའི་ནང་དོན་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་དངོས་ལ་དམིགས་དགོས་པ་དང་། པར་རིས་ཁ་གསལ་ལ་བརྗོད་དོན་གཙོ་བོ་འབུར་ཐོན་བྱེད་དགོས།
2. པར་རིས་ཀྱི་ཚད་གཞི་jpgཡིན་དགོས་པ་དང་ཆེ་ཆུང་ཚུན་བཅུ་ཡིན་དགོས། ནང་གསོག་གི་ཆེ་ཆུང་5MBཡན་དང་གསལ་ཚད་བརྙན་རྒྱུ་ཁྲི་500ནས་ཁྲི་1200བར་ཡིན་དགོས།
3. བརྩམས་ཆོས་སྐུར་སྐབས་ཚང་མར། “བསྐུར་མཁན་ཚན་པ་དང་མི་སྒེར་གང་ཡིན་མིན་དང་། པར་རྒྱག་མཁན་གྱི་མིང་། བརྩམས་ཆོས་ཀྱི་ཁ་བྱང་། འབྲེལ་གཏུག་ཁ་པར་ཨང་གྲངས”བཅས་མཉམ་དུ་བཀོད་ནས་མིང་འདོགས་དགོས། སྡེབ་གཅིག་ལ་པར་5ལས་མང་མི་རུང་།
4. གློག་ཀླད་ཀྱིས་ཇུས་འགོད་བྱེད་མི་ཆོག་པ་དང་། ཐོག་མའི་བརྙན་པར་གྱི་བརྩམས་ཆོས་ལ་འགྱུར་ལྡོག་གཏོང་མི་རུང་། པར་བསྐུར་མཁན་ལ་བརྩམས་ཆོས་རང་བདག་དང་བརྩམས་དབང་ཆ་ཚང་ལྡན་དགོས་པ་དང་། པར་དབང་མེད་པ་སོགས་ཀྱི་བཅའ་ཁྲིམས་ཀྱི་རྩོད་གཞི་ཡོད་ཚེ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་ཚང་མ་བརྩམས་ཆོས་བསྐུར་མཁན་གྱིས་འཁུར་དགོས།
ལྔ། བརྩམས་ཆོས་བསྡུ་བའི་དུས་ཚོད།
“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་ཡིག་གཟུགས་དང་པར་རྒྱག་བརྩམས་ཆོས་བསྡུ་རུབ་འགྲེམས་སྟོན་དང་འཚོལ་བསྡུའི་བྱེད་སྒོ་སྐབས་བརྒྱད་པའི་དུས་ཚོད་ནི་2026ལོའི་ཟླ་7ཚེས་1ཉིན་ནས་2026ལོའི་ཟླ་8ཚེས་15ཉིན་བར་ཡིན།
དྲུག བརྩམས་ཆོས་ཀྱི་བྱ་དགའ་བཀོད་སྒྲིག
ཡིག་གཟུགས་དང་པར་ལེན་བརྩམས་ཆོས་ཁག་སོ་སོར་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་5བཅས་ཡོད་པ་དང་། དེའི་རྗེས་ཀྱི་ཨང་རིམ་12ནི་ཕུལ་བྱུང་བྱ་དགའ་ཡིན།
བྱ་དགའ་རིམ་པ་དང་པོར་སྒོར་2000དང་། བྱ་དགའ་རིམ་པ་གཉིས་པར་སྒོར་1000 བྱ་དགའ་རིམ་པ་གསུམ་པར་སྒོར་500 ཕུལ་བྱུང་བྱ་དགར་སྒོར་300བཅས་ཀྱི་བྱ་དགའི་དངུལ་སྤྲོད་རྒྱུ།
བདུན། དོ་སྣང་བྱེད་དགོས་པའི་དོན་ཚན།
(གཅིག) ད་ཐེངས་ཀྱི་བརྩམས་ཆོས་བསྡུ་བར་གྲོན་དངུལ་གང་ཡང་སྤྲོད་མི་དགོས་པ་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་དང་བྱ་དགའ་ཐོབ་མཁན་བྱ་དགའ་སྤྲོད་པའི་མཛད་སྒོར་གདན་འདྲེན་རྒྱུ་དང་། འགྲེམས་སྟོན་ཡོངས་སུ་ཚར་རྗེས་མི་སྒེར་གྱིས་རང་གི་བརྩམས་ཆོས་ལེན་པའམ་ཡང་ན་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ལ་ཞལ་འདེབས་སུ་ཕུལ་ཆོག(ཞལ་འདེབས་ཕུལ་བའི་ལག་ཁྱེར་སྤྲོད་རྒྱུ) བྱ་དགའ་ཐོབ་མེད་པའི་བརྩམས་ཆོས་ཚང་མ་ཕྱིར་སློག་གི་མེད། གལ་ཏེ་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་བརྩམས་ཆོས་ཕྱིར་སློག་དགོས་ན་ལས་དོན་པར་འབྲེལ་བ་བྱེད་རོགས།
(གཉིས) གཙོ་གཉེར་ཚན་པས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ལ་ཞིབ་འཇུག་དང་། པར་ལེན། བརྙན་ཕབ། འགྲེམས་སྟོན། དཔེ་སྐྲུན། དྲིལ་བསྒྲགས་བཅས་བྱེད་དབང་ཡོད།
(གསུམ) ཡིག་གཟུགས་བརྩམས་ཆོས་རྒྱབ་ཀྱི་གཡས་ངོས་གཤམ་དུ་ཞ་སྨྱུག་གིས་དབུ་ཅན་ནས་རྩོམ་པ་པོའི་མིང་དང་། འབྲེལ་གཏུག་ས་གནས་ཞིབ་ཕྲ། སྦྲག་ཨང་། འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་དེབ་སྐྱེལ་ཡི་གེའམ་ཆེས་མྱུར་ཆེད་སྐྱེལ་ཐོག་ནས་བསྐུར་དགོས། བླང་བྱ་གཞིར་བཟུང་རྩོམ་པ་པོའི་ཆ་འཕྲིན་བཀོད་མེད་པའི་བརྩམས་ཆོས་བསྐུར་རིགས་ཚང་མ་གོ་མི་ཆོད་པར་བརྩི་རྒྱུ། དཔྱད་འདེམས་ནང་ཞུགས་པའི་བརྩམས་ཆོས་ཚང་མ་ནི་རྩོམ་པ་པོའི་མ་རྩོམ་ཤ་སྟག་ཡིན་དགོས་ཤིང་། གཞན་གྱི་བརྩམས་ཆོས་ལད་ཟློས་དང་རྐུ་བཤུས་གཏན་ནས་བྱེད་མི་རུང་ལ། དཔྱད་འདེམས་ནང་ཞུགས་ཟིན་པ་དང་བྱ་དགའ་ཐོབ་ཟིན་པའི་རང་ཉིད་ཀྱི་བརྩམས་ཆོས་བསྐྱར་དུ་སྤྱོད་མི་རུང་། གལ་ཏེ་དེ་རིགས་ལས་འགལ་ནས་བཅའ་ཁྲིམས་ཀྱི་རྩོད་གཞིའམ་འགན་འཁྲི་གང་རུང་ཐོན་ཚེ་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།
བརྒྱད། བརྩམས་ཆོས་བསྐུར་སྟངས།
ཡིག་གཟུགས་བརྩམས་ཆོས་བསྐུར་ཡུལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་རྟགས་36(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས)
བརྩམས་ཆོས་རྩིས་ལེན་མཁན། སྐུ་ཞབས་ཀུན་ལགས།
འབྲེལ་གཏུག་ཁ་པར་ཨང་གྲངས། 18108903337
པར་རྒྱག་བརྩམས་ཆོས་བསྐུར་སའི་ཡིག་སྒམ། 18108903337@163.com
འབྲེལ་ཡོད་གསར་འགྱུར།