དབུ་ཤོག
  • ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་པར་འབད་འབུངས་བྱས་ནས་དུས་རབས་ཀྱི་རྒྱུགས་ལན་ཡག་པོ་འབུལ་དགོས།

    ​—— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-03

    ལོ་ངོ་105ཡི་རིང་། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་གྱི་འོད་ཟེར་འཕྲོ་བའི་ལམ་བུ་ཞིག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

    ཁ་ཐོར་དགུ་ཐོར་དང་སྲན་ཕུང་ཐོར་བ་ལྟ་བུ་ནས་ཚད་མཐོའི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བར་དང་། དབུལ་ཞིང་ཕོངས་པ་ནས་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་བཅས་སུ་སླེབས་པའི་བར། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་བཏོད་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད།

    ལྷག་པར་དུ་འདས་ཟིན་པའི་ལོ་5ཡི་རིང་། ང་ཚོས་དུས་རབས་ཀྱི་ཚབས་ཆེའི་ནད་ཡམས་ཀྱི་ཕོག་ཐུག་ཐེག་ཐུབ་པ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོར་སྤོས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པའི་འགོ་ཡག་པོ་བརྩམས་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི“ང་ཚོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཡིན་ལ། ཀྲུང་གོས་མིའི་རིགས་ཡར་ཐོན་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན” འདི་ནི་མིའི་རིགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་གསར་པ་ཞིག་དང་། མིའི་རིགས་ཀྱི་ཤེས་དཔལ་རྣམ་པ་གསར་རྐྱང་ཞིག་རེད།

    ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཤིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཀྲུང་གོར་ངོས་འཛིན་དང་སྒྱུར་བཀོད་བྱེད་པའི་ལོ་རྒྱུས་ཤིག་ཀྱང་རེད།

    དུས་རབས་གསར་པ་ཤར་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་དེ་བས་སྟོབས་དང་ལྡན་པར་གྱུར་ནས། མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་གནད་དང་ཉེན་ཁ་རེ་རེ་བཞིན་བསལ་བ་དང་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་ཡོད།

    ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཏང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཐད་བཀོད་སྒྲིག་གནང་ཡོད། དགོངས་པ་འདིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པས། ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་ཡོད།

    མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡོད་པ་ནི་རང་རེའི་ཏང་གིས་དད་མོས་དང་དད་སེམས་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་ཐུབ་པའི་རྩ་བ་གནས་ས་ཡིན།

    “ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལས་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད།

    “ཀྲུང་གོའི་བཅོས་སྐྱོང”གི་ལེའུ་གསར་པ་རྩོམ་པར་ང་ཚོར་གདེང་ཚོད་དེ་བས་ཆེན་པོ་ཡོད།

    རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པ་དང་ཏང་ཡོངས་སྐུལ་སློང་གིས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་ནས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་ཟབ་ཏུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་བར། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པ་དང་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དེ་བས་ཆེ་བ་གཅིག་སྡུད་བྱས་ཡོད།

    ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ་ནས་རྒྱལ་ཡོངས་མཉམ་རུབ་ཀྱི་སྒྲིག་གཞི་གསར་པའི་དགེ་མཚན་འདོན་པ་དང་། འབད་འཐབ་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པའི་བར། “གོམ་པ་རེ་རེ་བཞིན་མདུན་དུ་བརྟན་པོར་སྐྱོད་པ་དང་། དུས་མཚམས་རེ་རེ་བཞིན་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད”

    ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་བར་བྱས་ཚེ། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ལ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་ལོ་ཞིག་ཀྱང་རེད།

    “རྒྱང་ལམ་གསར་པ་ནི་རྒྱང་སྐྱོད་གསར་པ་ཞིག་རེད”

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་ལ་འགག་སྒྲོལ་གལ་ཆེན་ཡོང་བར་སྐུལ་འདེད་བཏང་སྟེ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེར་རྒྱལ་ཁ་གསར་པ་ལེན་པར་ད་དུང“གངས་རི”དང“རྩྭ་ཐང”གསར་པ་མང་པོ་བརྒལ་དགོས་ལ། “ལོའུ་ཧྲན་ཀོན་འགག་སྒོ”དང“ལ་ཙི་ཁོའུ”ལྟ་བུའི་དཀའ་ངལ་གསར་པ་མང་པོ་ཁྱད་བསད་བྱེད་དགོས། རྒྱང་ལམ་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཁ་ཕྱོགས་གསལ་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པས“ང་ཚོ་མི་རབས་འདིའི་རྒྱང་སྐྱོད་ལམ་བུར་གང་ལེགས་སྐྱོད་ཐུབ་ངེས་རེད”

    དྲང་བདེན་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་དགོས། རང་རེའི་ཏང་ནི་ཡང་དག་པའི་འགྲོ་ལམ་དུ་སྐྱོད་པ་དང་། དྲང་བདེན་གྱི་བྱ་གཞག་སྒྲུབ་པ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་མཁན་བཅས་ཡིན་པས། རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དུས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ། ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགོག་རྐྱེན་མཐའ་དག་སེལ་བ་དང་བཀག་རྡོ་མཐའ་དག་གཙང་མ་བཟོས་ཚེ། གོམ་པ་སྤོ་མི་ཐུབ་པའི་དཀའ་ངལ་དང་། སྒྲོལ་མི་ཐུབ་པའི་འགག་སྒོ སྒྲུབ་མི་ཐུབ་པའི་བྱ་བ་བཅས་མེད།

    ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན། རྒྱང་ལམ་གསར་པར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ངར་སེམས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་བྱེད་པ། དུས་རབས་དང་། ལོ་རྒྱུས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་ཧུར་ཐག་བཞག་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་ང་ཚོ་མི་རབས་འདིའི་གཟི་བརྗིད་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།