དབུ་ཤོག>གསར་འགྱུར།
  • འཁྲུངས་སྐར་རྟེན་འབྲེལ་ཞུ་བའི་སྤྲོ་སེམས་འཕྱུར། རྒྱང་ལམ་གསར་པར་སྤོབས་སེམས་ཆེན་པོས་སྐྱོད།

    ​—— རང་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་ཉན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-03

    ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། དེ་ཉིན་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་འདུས་ལྟ་བ་དང་། ཁྱིམ་སྡོད་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་དུས་གཅིག་ཏུ་ལྟ་ཉན་བྱས་ཏེ། ཐུན་མོང་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུར་ཕྱིར་མིག་བལྟས་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་ཚོར་བར་བྱས་པ་རེད།

    རྟེན་འབྲེལ་ཚོགས་ཆེན་ཐོག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའུ་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྣམ་རྒྱལ་ལ་མི་སེམས་འགུལ་བའི་གཟེངས་རྟགས་གནང་ཚུལ་བརྙན་འཕྲིན་ནས་སྟོན་སྐབས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཚོར་གཟི་བརྗིད་ཆེན་པོ་ཚོར་ལ་ལྕག་སྐུལ་ཆེན་པོ་ཐེབས་ཤིང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་རྡོ་རྗེས་མཚན་སྙན་དེ་གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དབང་བ་ཞིག་ཡིན་པས། ཕྱིས་འབྱུང་ཏང་འཛུཌ་སྐྱོང་གིས་སྣེ་འཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་ལ་དམིགས་པ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད།

    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་ཏང་ཡོན་དང་སྡེ་ཁུལ་གྱི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ཚོགས་འདུའི་གཟབ་རྒྱས་གནས་ཚུལ་ལ་མཉམ་དུ་བལྟས་པ་རེད། ཁྲེང་ཀོན་ཆུས་རྔ་ཆེན་སྡེ་ཁུལ་གྱི་སྤྱི་ཚོགས་ལས་དོན་པ་ཚེ་སྐྱིད་ལགས་ཀྱིས་ཐད་གཏོང་བལྟས་རྗེས་སྡེ་ཁུལ་གྱི་འཐབ་ས་དང་པོ་བརྟན་སྲུང་དང་དྲ་མིག་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོར་སེམས་ནུས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་བ་དང་དངོས་སྒྲུབ་ལ་བརྟེན་ནས་གཞི་རིམ་གྱི་ཞབས་ཞུའི་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཞེས་བཤད། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་གཟི་ཕུ་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་ཚོགས་འདུ་གྲོལ་རྗེས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་སྤེལ་རེས་མྱོང་ཚོར་ལ་དམིགས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་པ་དང་ཉེ་འགྲམ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན་ཞེས་བཤད།

    ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེའི་གང་སར་བཀའ་དྲིན་ཚོར་བཞིན་འབད་འབུངས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། བསམ་གྲུབ་རྩེ་ཆུས་བདེ་སྐྱིད་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཐད་གཏོང་ལ་མཉམ་དུ་བལྟས་ཤིང་། ལོ་68ལ་སླེབས་པའི་ཏང་ཡོན་རྒན་གྲས་མིག་དམར་ཚེ་རིང་གིས་རང་ངོས་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་འཕོ་འགྱུར་ཆེན་པོ་གླེང་ནས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་སྔར་བས་འཕེལ་བར་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་བདེ་སྐྱིད་དང་ཡར་རྒྱས་སྡེ་ཁུལ་དུ་ཏང་ཡོན་འཐུས་མི་50ལྷག་ཙམ་མཉམ་དུ་འཛོམས་ནས་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་བལྟས་ཤིང་། ལེའོ་ཉིང་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཚའོ་ཧྲུའུ་རུའེ་ཡིས་དམངས་ཕན་ཁྲིམས་འཛིན་གྱི་བྱ་བ་དངོས་སྒྲུབ་པ་དང་། སྐོར་སྐྱོད་ཁྲིམས་རས་གཞི་རིམ་ལ་ཞབས་འདེགས་ཡག་པོ་ཞུ་བ། ལེའོ་ཉིང་དང་ནག་ཆུའི་དབར་གྱི་ཁྲིམས་འཛིན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བརྩེ་སེམས་ཟབ་པའི་ཁྲིམས་འཛིན་ལ་བརྟེན་ནས་ནག་ཆུ་སྤུས་ཚད་ལྡན་པའི་འཛུགས་སྐྲུན་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད།

    ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་ལྟ་ཉན་བྱས་རྗེས། ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལུའོ་ཅང་ཆུན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་སུ་སླེབས་ཡོད། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྡེ་ཚན་ཞིག་ཡིན་པའི་ངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཁུངས་ཁག་གི་ཏང་ཡོན་གྱིས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ཏེ་བཀོད་སྒྲིག་ཁག་ལས་ཁུངས་སུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    ལོ་བརྒྱའི་འགྱུར་ལྡོག་ཆེན་པོས་གངས་ལྗོངས་མཛེས་པར་བྱས། འབད་འབུངས་ཡར་བརྩོན་སླར་ཡང་མདུན་དུ་སྐྱོད། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བ་དེ་འགོ་འཛུགས་ས་གསར་པར་བྱས་ནས་ས་མཐོའི་ལས་རིགས་ཁག་གི་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། དྲིན་ཚོར་གྱི་བསམ་བློ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་བརྟན་པོ་འཛུགས་པ། མཐའ་མཚམས་སྲུང་བ། ཐོན་ལས་འཕེལ་རྒྱས་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་རྒྱང་ལམ་གསར་པར་བོད་ཀྱི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།