ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
འབྲུབ་འགོག་ཐན་འགོག་གི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་འབྲུབ་འགོག་ཐན་འགོག་གི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ལོའི་འབྲུབ་ཆུ་རྒྱས་པའི་དུས་སུ་རང་རྒྱལ་དུ་གནམ་གཤིས་ངན་པའི་གནས་ཚུལ་སྔར་བཞིན་ཐོན་མང་བ་དང་ཐན་ཞོད་ཐོན་ཤུགས་ཆེ་བས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་དང་མཐར་ཐུག་གི་བསམ་གཞིག་བརྟན་དུ་གཏོང་བ། འབྲུབ་ཆུ་ཆེན་པོ་དང་། ཐན་སྐྱོན་ཆེན་པོ། མཚོ་ལྷགས་དྲག་པོ་འགོག་པར་གཞི་ཚུགས་པ་བཅས་བྱས་ཏེ། བྱ་ཐབས་ནན་པོ་སྤྱད་ནས་འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ་དང་། དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་མི་སྣ་སྒྲིག་འཛུགས་བྱས་ནས་ཉེན་གཡོལ་གནས་སྤོ་བྱས་ཏེ། མི་མང་པོ་ཤི་རྨས་ཡོང་བའི་གནས་ཚུལ་མི་ཐོན་པར་བྱེད་དགོས། གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཆེ་གྲས་ཀྱི་ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་ལེན་བྱས་ནས་ཆུ་དང་མཚེའུ་ཡི་བཤངས་ལམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཐན་ཞོད་མྱུར་སྒྱུར་གྱི་ཉེན་ཁར་ཚད་མཐོའི་མཐོང་ཆེན་གྱིས་འབྲུབ་འགོག་ཐན་འགོག་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་ཁུངས་ལ་གཅིག་གྱུར་དོ་དམ་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྐྲུན་བཞིན་པའི་ལས་གྲྭའི་འབྲུབ་དུས་ཀྱི་བདེ་འཇགས་འགན་ལེན་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཉེན་སེལ་རོགས་སྐྱོབ་གུད་སྐྱོབ་ཀྱི་ལས་དོན་མགྱོགས་པོ་དང་ནུས་ཆེའི་ངང་སྤེལ་ནས་སྟོབས་ཤུགས་དང་། སྒྲིག་ཆས། དངོས་ཟོག་བཅས་གྲ་སྒྲིག་སྔར་བས་ཡག་པོ་བྱེད་པ་དང་། སྤྱི་འདོམས་བཀོད་སྒྲིག་དང་སྔོན་འགོག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཛ་དྲག་གནས་ཚུལ་སྐབས་ཀྱི་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། སེམས་རྩ་འཁོལ་པོས་གེགས་སེལ་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས། ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ་དང་སྟོབས་ཤུགས་འཐབ་ས་དང་པོར་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གྱི་འབྲུབ་འགོག་དང་། གནོད་འཚེ་ཉུང་གཏོང་། གུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འབྲུབ་འགོག་ཐན་འགོག་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་སྤྱི་འདོམས་མཐུན་སྦྱོར་དང་བཀོད་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས་ལས་རེས་ལ་ཤུགས་སྣོན་རྒྱག་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་། མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གུད་སྐྱོབ་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས། འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་འཐབ་ས་དང་པོར་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་གདོང་མཆོང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།