དབུ་ཤོག
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས“བདུན་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

    ཝང་ཅུན་ཀྲེང་དང་། ཀརྨ་ཚེ་བརྟན། ལིའུ་ཅང་བཅས་ཀྱིས་ཁག་སོ་སོར་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-02

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། ཝང་ཅུན་ཀྲེང་གིས་ཏང་ཡོན་རྒན་གྲས་པད་མ་ཆོས་སྒྲོན་དང་དར་ལུང་ལ་འཚམས་འདྲི་གནང་བ་དང་འབྲེལ། ཁོང་རྣམ་པ་དང་དེ་བཞིན་ཁོང་རྣམ་པ་བརྒྱུད་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་དར་ལུང་གི་ནང་མི་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་མཚམས་སུ། རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས“བདུན་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཁོང་རྣམ་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བཅས་ཀྱིས་ཁག་སོ་སོར་འཚམས་འདྲི་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཏང་ཡོན་རྒན་གྲས་པད་མ་ཆོས་སྒྲོན་དང་དར་ལུང་ལ་འཚམས་འདྲི་གནང་ཞིང་། ཁོང་རྣམ་པ་དང་དེ་བཞིན་ཁོང་རྣམ་པ་བརྒྱུད་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། པད་མ་ཆོས་སྒྲོན་དང་དར་ལུང་གི་ཁྱིམ་དུ་ཕེབས་རྗེས། ཝང་ཅུན་ཀྲེང་གིས་ཁོང་རྣམ་པས་ཏང་གི་འབོད་སྐུལ་དང་ལེན་ཞུས་ནས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། དེང་རབས་ཅན་འཛུགས་སྐྲུན་བཅས་ལ་ཧུར་ཐག་ཞུགས་པའི་འབད་འཐབ་ཀྱི་ཉམས་མྱོང་ནན་ཏན་ངང་གསན་པ་དང་། ཁོང་རྣམ་པའི་གཟུགས་གཞི་དང་རྒྱུན་གཏན་གྱི་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་བཀའ་འདྲི་གནང་ཞིང་། ཚང་མ་གཟུགས་པོ་ཐང་ལ་གྲུང་ཤ་དོད་པོ་ཡོད་པ་གཟིགས་སྐབས། ཝང་ཅུན་ཀྲེང་ཧ་ཅང་མཉེས་པོ་བྱུང་ཞིང་། ཝང་ཅུན་ཀྲེང་གིས་ཏང་ཡོན་རྒན་གྲས་ལ་སྐུ་གཟུགས་གསལ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། ཁོང་རྣམ་པར་ལས་གནས་ནས་བྲལ་ཡང་ཏང་དང་མི་འབྲལ་བ་དང་ལས་འཁྱུར་རྒན་ཡོལ་ཞུས་ཀྱང་རང་མདངས་མ་ཉམས་པར་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

    འཚམས་འདྲི་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྲོལ་རྒྱུན་བཟང་པོའི་རྒྱུན་སྐྱོང་བ། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། དམངས་ལ་བརྩེ་བ་ཟབ་མོ་འཆང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དེ་བས་ལེགས་པ་འདོན་པ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་དགོས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་རྒྱུན་རྣམ་ཅན་གྱི་ཉེ་བཅར་འཚམས་འདྲི་བྱེད་པ་དང་། དྲོད་འཁོལ་སྟེར་བའི་བྱ་ཐབས་དོན་འཁྱོལ་གནད་སྨིན་བྱེད་པ། སེམས་ནུས་ཡོད་རྒུས་ཏང་ཡོན་རྒན་གྲས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བཟང་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ་ཁོང་ཚོའི་འཚོ་བར་སྤྲོ་སྣང་ལྡན་པ་དང་ཚེ་མཇུག་བདེ་ལ་རོལ་ཐུབ་པར་ཆ་རྐྱེན་བཟང་པོ་སྐྲུན་དགོས།

    ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་ཏང་ཡོན་རྒན་གྲས་དང་། བྱས་རྗེས་ཀྱི་གཟི་བརྗིད་གཟེངས་རྟགས་ཐོབ་པའི་ཏང་ཡོན། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་ཏང་ཡོན་རྒན་གྲས་དཔལ་ལྡན་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་དཔལ་ལྡན་ལ་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་ཏང་གི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་ནས། མི་དེ་བས་མང་བར་ལྕག་སྐུལ་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་འཇོག་རྒྱུའི་ཐུགས་རེ་གནང་བ་རེད། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གི་ཁྱིམ་དུ། ཀརྨ་ཚེ་བརྟན་གྱིས་ཁོང་ལ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་བཏོན་ཏེ་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཕུལ་བྱུང་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་མདུན་གྲལ་དུ་བསྐྱོད་པ་དང་མིག་དཔེ་བསྟན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ལེགས་སུ་གཏོང་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་སྐུལ་ལྕག་གནང་བ་རེད། ཏང་ཡོན་ཚེ་རིང་གཡང་སྐྱིད་ཀྱི་ཁྱིམ་ཚང་གི་ཁུར་པོ་ཅུང་ལྕི་བར་བརྟེན་ཀརྨ་ཚེ་བརྟན་གྱིས་ཁོང་ལ་སེམས་བག་ཡངས་པོ་རྒྱུན་འཁྱོངས་དང་འཚོ་བར་གདེང་ཚོད་འཕེལ་བར་བྱེད་དགོས་པའི་ལྕག་སྐུལ་གནང་བ་དང་། འབྲེལ་ཡོད་སྡེ་ཚན་ལ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཅངས་ནས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་འདོད་དང་མཐུན་པ་བཅས་ཀྱི་ལས་དོན་དག་ཁོང་ཚོའི་བློ་ལ་འབབ་པ་ཞིག་སྒྲུབ་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

    ལིའུ་ཅང་གིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་ཡོན་རྒན་གྲས་ཁག་གཅིག་དང་གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་འདས་པོའི་ནང་མིར་འཚམས་འདྲི་གནང་བ་རེད། ལིའུ་ཅང་ཏང་ཡོན་རྒན་གྲས་རྡོ་བློའི་ཁྱིམ་དུ་ཕེབས་ནས་ཁོང་ལ“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་གསོའི་རྟགས་མ་གནང་བ་དང་། དཀའ་སྤྱད་འབད་འཐབ་ཀྱི་ལོ་ཟླར་ཕྱིར་དྲན་གནང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་བ་མ་ཟད། ཁོང་ལ་མི་རབས་རྗེས་མར་སློབ་གསོ་དང་ཁྲིད་སྟོན་ཡག་པོ་བྱེད་པ་དང་ཉེ་འཁོར་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་འདས་པོ་སྐལ་བཟང་གི་ནང་མིར་འཚམས་འདྲི་གནང་སྐབས། ལིའུ་ཅང་གིས་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་སྲིད་ཁྲིམས་འཐབ་ཕྱོགས་སུ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཁོང་ཚོར་གཟུགས་པོར་བདག་གཅེས་དང་བདེ་ཐང་གི་འཚོ་བ་སྐྱེལ་དགོས་པའི་མངགས་བཅོལ་གནང་བ་མ་ཟད། ཁོང་ཚོར་ལྷག་བསམ་རྣམ་དག་གི་རང་མདངས་ནམ་ཡང་རྒྱུན་འཁྱོངས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་རྗེས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།