《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་13པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་བྱེད་དགོས》ཞེས་པ་བསྐྱར་དུ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2015ལོའི་ཟླ་1ཚེས་12ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཅིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། རང་རེའི་ཏང་གི་རྩ་འཛུགས་ཀྱི་གྲུབ་ཆ་དང་རྒྱལ་ཁབ་ཀྱི་སྲིད་དབང་གི་གྲུབ་ཆའི་ཁྲོད་རྫོང་རིམ་པ་འདི་ཉིད་གོང་མཐུད་འོག་འདྲེན་གྱི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད། དེ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོར་འགན་སྲུང་བྱེད་པ། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། རྫོང་ཨུད་ནི་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི“འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ”དང་རྫོང་ཨུད་ཀྱི་ཧྲུའུ་ཅི་ནི“འཐབ་ཕྱོགས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”རེད། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་ཇི་ལྟར་བྱེད་དགོས་སམ། བློ་མཐུན་ཅའོ་ཡུས་ལུའུ་ཡིས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། རྫོང་ཨུད་ཀྱི་ཧྲུའུ་ཅི་བྱས་ན་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་བྱེད་དགོས་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པར་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་ནི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཚད་གཞི་གལ་ཆེན་ཞིག་རེད། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཡོད་མེད་གང་ལ་ལྟ་དགོས་སམ། ལྟ་ས་དོན་ཚན་མང་པོ་ཡོད་མོད། འོན་ཀྱང་གཙོ་བོ་དོན་ཚན་འདིར་བལྟས་ན་འགྲིག རྫོང་རིམ་པའི་གཡུལ་སར་ཆ་མཚོན་ན། ངེས་པར་དུ་སེམས་ནང་ཏང་ཡོད་པ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱིས་བརྟན་སྲུང་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་འཛིན་པ་དང་། རྩ་འཛུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྩ་འཛུགས་ལ་ཡིད་ཆེས་བྱེད་པ། རྩ་འཛུགས་རྒྱབ་རྟེན་དུ་བྱེད་པ། རྩ་འཛུགས་ལ་བརྩི་སྲུང་ཞུ་བ་བཅས་བྱས་ནས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས།
མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུ་དེ་རང་གི་འཇོན་ཐང་ཞིག་ལ་བརྩིས་ནས་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“གློག་སྒོ་ཨ་མ”ལྟ་བུའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ཆབ་སྲིད་སྒྲིག་ལམ་ལ་སྲུང་སྐྱོང་ནན་པོ་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཆབ་སྲིད་ཀྱི་ལམ་ཕྱོགས། ཆབ་སྲིད་ཀྱི་གཏམ་བརྗོད། ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཀྱི་ཐད་ནས་སྒྲིག་ལམ་ཡག་པོ་བསྲུངས་ཏེ་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས། རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་བྱེད་བསམ་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སེམས་ནང་མི་དམངས་ཡོད་པར་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་རང་རེའི་ཏང་གི་རྩ་བའི་དམིགས་ཡུལ་རེད། རྫོང་ཨུད་ཀྱི་ཧྲུའུ་ཅི་ནི་གཞི་རིམ་མང་ཚོགས་ལ་ཐད་ཀར་ཁ་ཕྱོགས་མཁན་འགོ་ཁྲིད་ལས་བྱེད་པ་ཡིན་པས། ངེས་པར་དུ་མང་ཚོགས་སེམས་ནང་འཇོག་པ་དང་དམངས་ལ་བདེ་སྐྱིད་སྐྲུན་དགོས། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཧུར་ཐག་དང་ལྷག་པར་དུ་མི་དམངས་ཀྱི་བློ་ལ་མི་བབས་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟར་གྱི་བྱ་བ་མང་ཙམ་སྒྲུབ་དགོས། ལས་སྒྲུབ་ལས་གཏོད་བྱེད་སྐབས་ངེས་པར་དུ་ཡག་དག་པའི་སྲིད་དོན་ལས་རྗེས་འཛུགས་པ་ལས་མི་སྒེར་གྱི་གཟུགས་བརྙན་གཏོད་ཆེད་ཕྱི་མཛེས་ནང་སྟོང་དང་མི་རྒྱུ་གཉིས་ཟད་ཀྱི“རྟགས་མཚོན་ལས་གྲྭ”དང“སྲིད་དོན་ལས་རྗེས་ལས་གྲྭ”གཏན་ནས་གཉེར་མི་རུང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་གཞི་རྩའི་ལས་ཀར་བརྩིས་ནས་གཞི་རིམ་དང་། མང་ཚོགས། དོན་དངོས་བཅས་ཀྱི་ཁྲོད་དུ་ཟབ་འཇུག་བྱས་ཏེ། གནས་ཚུལ་ཤེས་རྟོགས་དང་ཐབས་ཇུས་དམངས་ལ་འདྲི་དགོས། སྤྱོད་ཚུལ་བཟང་པོ་འཇགས་པར་བྱས་ནས་སྲིད་བརྩོན་དང་། དངོས་སྒྲུབ། དམངས་ཆེད་བཅས་ལག་བསྟར་བྱས་ཏེ“སྤྱོད་ཚུལ་བཞི”ཡི་གནད་དོན་རང་རྟོགས་ངང་གཏན་འགོག་དང་ཡོ་བསྲང་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་བྱེད་བསམ་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སེམས་ནང་འགན་འཁྲི་ཡོད་པར་བྱེད་དགོས། རྫོང་རིམ་པའི་འགོ་ཁྲིད་ཀྱིས་མི་ཁྲི་བཅུ་ཕྲག་ཁ་ཤས་དང་མི་ཁྲི་བརྒྱ་གྲངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཇུས་ཆེན་འདིང་དགོས་པ་དང་སྣེ་མང་རྙོག་འཛིང་ཆེ་བའི་ལས་དོན་ལ་དོ་དམ་བྱེད་དགོས་ཀྱི་ཡོད། དེས་ན་བློ་སྟོབས་ཆེར་སྐྱེད་དང་ལྷག་བསམ་ཟོལ་མེད་ཀྱིས་བྱ་བ་ལེགས་པར་བསྒྲུབས་ཏེ་གང་དུ་དཔོན་གནས་འཁུར་ན་དེ་གར་བདེ་བ་བསྐྲུན་རྒྱུར་བརྩོན་དགོས། གཏན་ལ་ཕབ་པའི་ལས་ཀའི་བཀོད་སྒྲིག་དེ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་མགོ་ཡོད་མཇུག་ཡོད་བྱེད་དགོས། ཚན་རིག་དང་མཐུན་པ་དང་། དོན་དངོས་དང་མཐུན་པ། མི་དམངས་ཀྱི་རེ་འདུན་དང་མཐུན་པ་བཅས་ཀྱི་འཆར་གཞི་ཡག་པོ་ཞིག་ཡིན་ན། རྒྱུག་མཐུད་འགྲན་བསྡུར་ལྟར་རེ་རེ་བཞིན་རྒྱུན་འཛིན་ཡག་པོ་བྱེད་དགོས། ནགས་སུ་སྟག་ཡོད་པ་ཤེས་བཞིན་དུ་ད་རུང་ནགས་ཁྲོད་དུ་སྐྱོད་པ་དང་། དཀའ་ངལ་ཁྱད་བསད་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཧུར་ཐག་བཙལ་ཏེ་གང་ལའང་མི་འཛེམ་པ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས། མངོན་གསལ་དོད་པའི་འགལ་ཟླའི་མདུན་དུ་འགན་འཁྲིའི་འདུ་ཤེས་ཡོད་པར་བྱས་ཏེ་རང་འགུལ་ངང་ཐག་གཅོད་བྱེད་པ་ལས་གཡོལ་མི་རུང་། ཐོལ་བྱུང་དོན་རྐྱེན་གྱི་མདུན་དུ་ཉེན་ཁར་ཐུག་ཀྱང་མི་སྐྲག་པ་དང་། བབ་བརླིང་བརྟན་གསུམ། འགན་འཁྲི་ཁུར་ཕོད་པ་བཅས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་བྱེད་བསམ་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སེམས་ནང་དོགས་ཟོན་ཡོད་པ་བྱེད་དགོས། ང་ཚོའི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་གནང་བ་ཞིག་རེད། དེ་ཏང་དང་མི་དམངས་ཀྱི་བྱ་བ་བསྒྲུབ་པའི་ཆེད་དུ་སྤྱོད་དགོས། དེ་ཏང་གི་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་དོན་དུ་བྱ་བ་སྒྲུབ་པ། དམངས་ལ་ཁེ་ཕན་སྒྲུབ་པ་བཅས་ཁོ་ནར་སྤྱོད་རྒྱུ་ལས་མེད། དབང་ཆ་ཡང་དག་ངང་སྤྱོད་དགོས་ཤིང་། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། དྲང་གཞག་ངང་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱས་ཏེ། སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱེད་དགོས། གཞུང་དང་སྒེར་དང་། བརྩེ་སེམས་དང་བཅའ་ཁྲིམས། ཁེ་ཕན་དང་བཅའ་ཁྲིམས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་སྣེ་ཁྲིད་དེ་ལག་ལེན་བསྟར་ནས་བརྒྱུད་རིམ་ལྟར་ཐབས་ཇུས་ལག་ལེན་བསྟར་དགོས། ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གཅིག་གི་མི་དང་། ཚན་ཁག་ཆེ་གྲས་ཁ་ཤས། རིམ་ཁག་ལས་བྱེད་པ་བཅས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ། གཅིག་འཛིན་བྱེད་པ་ལས་ཡུག་ལེན་མི་བྱེད་པ་དང་། ལས་བགོས་བརྒྱབ་པ་ལས་ཁྱིམ་ཚང་ལོགས་དགར་མི་དབྱེ་བ། བློ་རྒྱ་ཆེ་སྐྱེད་བྱེད་པ་ལས་ལྷོད་གཡེང་མི་གཏོང་བ་བཅས་བྱེད་ཐུབ་པར་བྱེད་དགོས། ཁྲིམས་སྦྱོང་དང་། ཁྲིམས་བཀུར། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བསྟན་ཏེ་ཁྲིམས་སྐྱོང་གི་བསམ་བློ་སྤྱོད་མཁས་པོ་བྱས་ནས་རྫོང་ཁོངས་བཅོས་སྐྱོང་བྱེད་ཐབས་འགོད་དགོས། ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་མི་བདེན་པ་བདེན་ཐུབ་དང་། ལས་དྲང་པོ་དྲང་གཞག དཔོན་ཁ་གསལ་གཏིང་གསལ་བཅས་བྱེད་ཐུབ་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་དར་སྤེལ་དང་ལག་ལེན་བསྟར་བ་དང་། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྐྱོན་བྲལ་གྱི་དགའ་སྣང་དོན་གཉེར་བཅས་བྱས་ནས། རྫོང་ཡོངས་སུ་སྐྱོན་བྲལ་ཡར་ཐོན་གྱི་སྤྱི་ཚོགས་དར་སྲོལ་ཞིག་ཆགས་རྒྱུར་ཁྲིད་སྟོན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།