དབུ་ཤོག
  • ངོ་མི་ཤེས་པ་ནས་ལག་གདང་དཔུང་སྦྲེལ་གྱི་བར།

    ​—— མཚོ་བོད་ལྕགས་ལམ་གྱི་མེ་འཁོར་ཐོག་མའི་མེ་འཁོར་གྱི་འགོ་འཛིན་ཁྲེན་ཁྲུན་ཡིའུ་དང་ཨ་མདོའི་འབྲོག་པ་ཐར་རྒོད་ཀྱི་ལོ་20ཡི་མཁའ་ལམ་གྱི་ལས་འབྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-02

    འདི་ནི་ཁྲེན་ཁྲུན་ཡིའུ་དང་ཐར་རྒོད་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཐོག་མ་དེ་བཏང་བ་རེད།

    མེ་འཁོར་གྱི་འགོ་འཛིན་ཁྲེན་ཁྲུན་ཡིའུ་ཡིས་འཁོར་སྒྲོམ་ནང་སྐོར་ཞིབ་བྱེད་བཞིན་ཡོད་པ་དང་། ཁོང་གིས་མེ་འཁོར་ལ་ཞིབ་བཤེར་ཞིབ་ཕྲ་བྱས། མེ་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་ནས་མེ་འཁོར་ལྷ་སའི་ཕྱོགས་སུ་གཏོང་འགོ་ཚུགས།

    ཉིན་གཉིས་པའི་ཕྱི་དྲོར་མེ་འཁོར་ཨ་མདོ་འབབ་ཚུགས་སུ་དལ་བུར་འབྱོར་བ་དང་། མེ་འཁོར་གྱི་སྒོ་ཕྱེ་མ་ཐག་ཨ་མདོ་རྫོང་སྲང་ཁར་སྒང་གྲོང་ཚོའི་འབྲོག་པ་ཐར་རྒོད་བོད་ཆས་ལེགས་པར་སྤྲས་ནས་མེ་འཁོར་ནང་འཛུལ།

    གཅིག་བྱས་ན་ཁོང་གཉིས་ཡུལ་དུས་གང་ཞིག་ཏུ་ཐུག་འཕྲད་བྱུང་ཡོད་ཤས་ཆེ། འོན་ཀྱང་སྐབས་དེ་དུས་ཕན་ཚུན་རྒྱུས་མངའ་གཏན་ནས་མེད།

    ལྕགས་ལམ་བརྒྱུད་མུ་མཐུད་རི་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་། གཅིག་ཤོས་ནི་ཕ་ཡུལ་དུ་ལོག་ནས་མུ་མཐུད་འབྲོག་ཁུལ་དུ་གཞིས་ཆགས། མ་གཞི་ཁོང་གཉིས་དབར་མི་ཚེའི་བགྲོད་ལམ་སྟེང་འབྲེལ་བ་གཏན་ནས་བྱུང་མྱོང་མེད་མོད། འོན་ཀྱང་ལྕགས་ལམ་སྟེང་གི་འགྲུལ་བཞུད་བྱེད་ཐེངས་ཤིག་ལས་ཁོང་གཉིས་དབར་ལས་འཕྲོའི་མདུད་པ་ཐེབས།

    ཐོག་མར་འཕྲད་པ།

    ཚུགས་སྟེགས་གཅིག་དང་མི་གཉིས།

    2020ལོར། ཁྲེན་ཁྲུན་ཡིའུ་མཚོ་བོད་ཚོགས་པ་ཀུང་སིས་སྲང་ཁར་སྒང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་མངགས།

    གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་ཐར་རྒོད་གྲོང་ཚོའི་མདོ་རུ་ལངས་ཡོད། ས་མཐོའི་སྨུག་ཕྱིའི་འོད་ཀྱིས་ངོ་གདོང་དམར་སྨུག་ཏུ་གྱུར་ཡོད།

    ལག་པ་གཏོང་སྐབས་ཤུགས་ཆེན་པོ་ཞིག་ཡོད་པའི་སྣང་བ་བྱུང་།

    “བལྟས་པ་ཙམ་གྱིས་ཁོང་ནི་མི་ཁ་རི་ཁ་ཐུག་ཅིག་རེད་འདུག”ཅེས་ཁྲེན་ཁྲུན་ཡིའུ་ཡིས་བརྗོད།

    དེ་རྗེས་ཀྱི་ཟླ་བ་ཁ་ཤས་ནང་ཁྲེན་ཁྲུན་ཡིའུ་ཡིས་ཐར་རྒོད་ཁྲིད་དེ་སྲང་ཁར་སྒང་གྲོང་ཚོའི་མུའུ་ཁྲི་53.53ཡོད་པའི་རྩྭ་རར་བསྐྱོད་པ་དང་། གྲོང་ཚོའི་རི་ཁུག་དང་རི་ལྡེབས་རེ་རེ་བཞིན་ལ་བསྐྱོད་དེ་དུད་ཚང་ཚང་མར་འཚམས་འདྲི་བྱས། ཁོང་གིས་རྟག་ཏུ་འབྲོག་པའི་སྒོ་འགྲམ་དུ་བསྡད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། གནས་ཚུལ་འདྲི་རྩད་ཞིབ་ཚགས་བྱེད་པ། ཟིན་བྲིས་ཐོག་དམངས་ཀྱི་གནས་ཚུལ་སྣ་ཚོགས་བཀོད་པ་བཅས་བྱེད་ཀྱི་ཡོད།

    “ཁྱེད་ཚོ་གྲོང་སྡོད་ལས་བྱེད་པ་ཚང་མ་དངོས་འབྲེལ་ནན་ཏན་ཆེན་པོ་འདུག”ཅེས་ཐར་རྒོད་ཀྱིས་ཁྲེན་ཁྲུན་ཡིའུ་ཡི་ཟིན་བྲིས་དེབ་ཨ་སློག་རྒྱག་གིན“ཁྱེད་ཚོ་སླེབས་རྗེས་ཟམ་པ་བསྐྲུན་པ་དང་། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ། སློབ་སྐྱོར་འཚམས་འདྲི་བཅས་ལས་མཚམས་གཏན་ནས་འཇོག་མྱོང་མེད། གཙོ་ཆེ་ཤོས་ནི་གྲོང་ཚོའི་ནང་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་ཚང་མ་ཤར་གཏོང་ཐུབ་པ་དེ་རེད”ཅེས་བརྗོད།

    ཉིན་ཞིག་གི་དགོང་མོར། ཁོང་གཉིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒོ་ཁར་བསྡད་དེ་2006ལོའི་ལས་དོན་སྐོར་ལ་ཅི་འཕྲོས་མོལ་འཕྲོས་བྱས།

    ཁྲེན་ཁྲུན་ཡིའུ་ཡིས“ལོ་དེར་ང་ནི་མཚོ་བོད་ལྕགས་ལམ་གྱི་མེ་འཁོར་གཏོང་ཐེངས་དང་པོའི་འགོ་འཛིན་ཡིན”ཞེས་བརྗོད་པ་དང་། ཐར་རྒོད་ཧང་སངས་བཞིན“མཚོ་བོད་རྟགས་ཅན་དང་པོ་རེད་དམ། ཟླ་7ཚེས་1ཉིན་གྱི་མེ་འཁོར་གཏོང་ཐེངས་དེ་རེད་དམ”ཞེས་དྲིས།

    “རེད། མེ་འཁོར་གཏོང་ཐེངས་ག་ཚོད་ཡིན་པ་ཁྱེད་རང་གིས་ཇི་ལྟར་བྱས་ནས་ཤེས་བྱུང་ངམ” ཐར་རྒོད་ཀྱིས་ཇ་ཕོར་བཞག་ནས་ཁོང་ལ་ལྟ་བཞིན“ཨ་ཇོ། ཉིན་དེར་ང་ཡང་མེ་འཁོར་དེའི་ནང་ཡོད། ཨ་མདོ་འབབ་ཚུགས་ནས་མེ་འཁོར་ནང་འཛུལ་བ་ཡིན། དེ་ནི་མེ་འཁོར་ལ་སྡོད་ཐེངས་དང་པོ་ཡིན”ཞེས་བརྗོད།

    ཁྲེན་ཁྲུན་ཡིའུ་ཡང་ཧང་སངས་ཤིང་། ཡུད་ཙམ་རིང་ཁོང་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་བལྟས་ནས་འཛུམ་དམུལ་དམུལ་བྱེད་བཞིན་མཆིས།

    ད་བྱེད་དུས། “འཛམ་གླིང་ཡང་རྩེར”སྐྱོད་པའི་མེ་འཁོར་དེས་ལོ་14ཡི་གོང་ནས་ཁོང་གཉིས་ཀྱི་ལས་དབང་དམ་པོར་སྦྲེལ།

    དཔུང་པ་མཉམ་གཤིབ།

    ས་ཆ་གཅིག་དང་ལག་པ་གཉིས།

    དགུན་ཨ་རང་ད་རང་ལ་མཚོ་བོད་ཚོགས་པ་ཀུང་སིས་གྲོང་ཚོར་དབུལ་སྐྱོར་ཆུ་མཁོ་འདོན་བཟོ་གྲྭ་བསྐྲུན་རྒྱུའི་འཆར་གཞི་བཀོད་པ་དང་། ཁོང་གཉིས་ཀྱིས་གྲང་ངར་ཆེ་བའི་གནམ་གཤིས་ལ་མི་འཛེམ་པར་སྦུག་ལམ་མྱུར་བཟོ་བྱས་ནས་འཚོང་ལམ་བཏོད་པ་དང་། ཁྲེན་ཁྲུན་ཡིའུ་ཡིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་ནས་ཤང་དང་གྲོང་རྡལ་11ལ་བསྐྱོད་དེ་ཁྱབ་གདལ་ཐེངས་མང་བཏང་ཡོད།

    2021ལོར་ཆུ་མཁོ་འདོན་བཟོ་གྲྭའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་64ཟིན་ཞིང་། ཁོང་ཚོས་སྒོར་ཁྲི་40བཏོན་ནས་ཁེ་སྤོགས་བགོ་རྒྱུའི་ཐག་བཅད་པས་ཁྱིམ་ཚང་གཅིག་ལ་མང་ཤོས་ལ་སྒོར་5000ཙམ་བགོས་ཡོད། དེ་ཡང་སྐབས་དེ་དུས་ཨ་མདོ་རྫོང་གི་བགོ་འགྲེམས་མང་ཤོས་ཀྱི་གྲོང་ཚོ་ཞིག་རེད།

    ཆུ་མཁོ་འདོན་བཟོ་གྲྭ་འཁོར་སྐྱོད་བརྟན་པོ་བྱུང་རྗེས་ཁྲེན་ཁྲུན་ཡིའུ་ཡིས་སླར་ཡང་སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་རྒྱུའི་གྲོས་འགོ་བཏོན།

    སྡོང་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པའི་ས་ཆར་སྔོ་ཚལ་འདེབས་པར་འབྲོག་པ་ཚོར་ཐེ་ཚོམ་བྱུང་ཡང་ཚང་མས་ཁོང་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།

    ཁྲེན་ཁྲུན་ཡིའུ་ཡི་སྣེ་ཁྲིད་འོག་གྲོང་མི་ཁག་གཅིག་གིས་ས་ཁོད་སྙོམས་པ་དང་། ས་སློག་པ། དྲོད་ཁང་རྒྱག་པ་བཅས་བྱེད་ལ། གྲོང་མི་ཁག་གཅིག་གིས་ལྕགས་ཁྱེམ་འཁྱེར་བ་དང་ཐེར་ཆུང་འདྲུད་པ་སོགས་བྱས་ཏེ་མི་བཅུ་ཕྲག་ཁ་ཤས་ཀྱིས་ཐང་རྒོད་དེར་ལས་ལ་ཧུར་ཐག་གཞོལ།

    ལོ་སྒོར་པད་ཚལ་དང་པོ་སྐྱེས་པའི་ཉིན་དེར་གྲོང་ཚོ་ཡོངས་ཀྱི་གྲོང་མི་དེ་གར་ལྟ་བར་ཡོང་ཡོད་ལ། ཐར་རྒོད་ཀྱིས་ཀྱང་དྲོད་ཁང་དུ་པད་ཚལ་སྐྱེ་འཚར་ལ་ཡུན་རིང་བལྟས།

    ཟི་ལིང་དུ་ལོག་པ།

    བདེ་ལམ་གཅིག་དང་སེམས་པ་གཉིས།

    ཁྲེན་ཁྲུན་ཡིའུ་ཐོག་མར་དེ་གར་འབྱོར་དུས་ཚང་མར་རྒྱུས་མངའ་མེད་ལ་ཕྱི་མིའང་ཡིན།

    ལོ་ཤས་སོང་རྗེས་ཁོང་ཚང་མར་རྒྱུས་མངའ་ཡོད་པ་དང་གྲོགས་པོ་རྙིང་པར་གྱུར་ཡོད།

    2022ལོར་གྲོང་སྡོད་དུས་ཚོད་ཐིམ་ཞིང་། བཅའ་སྡོད་བྱ་ཡུལ་ནས་ཐོན་པའི་ཉིན་དེར་ཐར་རྒོད་ཀྱིས་ཁྲེན་ཁྲུན་ཡིའུ་ལ་འགྱིག་ཁུག་གཅིག་སྤྲད་པའི་ནང་རྩམ་པ་དང་མར་ཏོག་ཙམ་བླུགས་ཡོད་ལ། ཤོག་བྱང་སྟེང་འདི་ལམ་བར་དུ་ཟ་རོགས་ཞེས་པའི་ཡིག་འབྲུ་ཁྱར་ཁྱོར་འགའ་བྲིས་ཡོད། མེ་འཁོར་ཐོན་ནས་ཡུན་རིང་སོང་ཡང་ཁོང་གིས་འགྱིག་ཁུག་ད་དུང་ལག་ཏུ་དམ་པོར་བཟུང་ནས་ཡོད།

    ཟི་ལིང་དུ་འབྱོར་རྗེས་ནང་མི་དང་མཉམ་འཛོམས་བྱུང་ནས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད་མོད། འོན་ཀྱང་མཚན་མོ་འཇམ་ཐིང་ངེར་གྱུར་སྐབས་ཁོང་གི་སེམས་ནང་རྟག་ཏུ་གྲོང་ཚོའི་ནང་གི་བྱ་བ་དག་གསལ་ལེར་དྲན་གྱི་ཡོད།

    ཁོང་དང་ཐར་རྒོད་དབར་རྟག་ཏུ་ཁ་པར་རྒྱག་པ་དང་། སྐད་ཆའི་ཁྲོད་གཟུགས་པོར་བདག་གཅེས་བྱེད་དགོས་ལུགས་བརྗོད་པ་ཕུད། དེ་མིན་ཚང་མ་སྲང་ཁར་སྒང་གྲོང་ཚོའི་སྐོར་ཤ་སྟག་ཡིན་པ་སྟེ། “དུད་ཚང་38རྫོང་གྲོང་གི་ཐོག་ཁང་ནང་སྤོས་པ་དང་། ད་ཆ་མི་རེའི་ཆ་སྙོམས་ཡོང་འབབ་2006ལོའི་སྒོར་2780ནས་སྒོར་ཁྲི་2.1བར་མང་དུ་ཕྱིན་ཡོད་པས། ཨ་ཇོ་རང་སེམས་འཕྲལ་མ་གནང”ཞེས་པ་སོགས་རེད།

    ཁྲེན་ཁྲུན་ཡིའུ་ཡིས་ལག་ཐོགས་ཁ་པར་ནང་གི་པར་ལ་ལྟ་སྐབས། ཆུ་མཁོ་འདོན་བཟོ་གྲྭའི་ལས་ཡུལ་དུ་ཁོང་དང་ཐར་རྒོད་ཀྱིས་ཆུ་སྦུག་བཟོ་བ་དང་། སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ལོ་སྒོར་པད་ཚལ་སྔོ་ཐིང་ཐིང་དུ་སྐྱེས་པ། གྲོང་མདོར་ཁོང་གཉིས་ལྷགས་པ་ཆེན་པོའི་ཁྲོད་མཉམ་དུ་ལངས་ནས་མིག་ཀྱང་གདང་དཀའ་བར་གྱུར་པ་སོགས་ཡོད།

    “ང་སླར་ཡང་ཨ་མདོར་ལྟ་བར་འགྲོ་འདོད་འདུག”

    2026ལོར་ཁྲེན་ཁྲུན་ཡིའུ་སླར་ཡང་སྲང་ཁར་སྒང་གྲོང་ཚོར་ཡོང་།

    ཐར་རྒོད་ལོ་དྲུག་གོང་དང་འདྲ་བར་སྔར་བཞིན་ལྷགས་པའི་ཁྲོད་སྒུག་ཡོད།

    གཅིག་གིས་སྒུག་ནས་བསྡད་ཡོད་ལ་གཅིག་གིས་ཐུག་པར་ཡོང་ཞིང་། ད་ཆ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ཐར་རྒོད་ཀྱིས་མདུན་དུ་ཡོང་སྟེ་ཁོང་ལ་དམ་པོར་འཐམ།

    “ངས་བསྐྱར་དུ་ཆུ་མཁོ་འདོན་བཟོ་གྲྭ་རྒྱས་སྐྲུན་བྱེད་འདོད་འདུག ཁྱེད་ཀྱིས་མུ་མཐུད་ང་ལ་རོགས་རམ་བྱེད་ངེས་རེད”ཅེས་ཁྲེན་ཁྲུན་ཡིའུ་ཡིས་སྐད་ཆ་དང་པོ་དེ་བརྗོད་སྐབས། “ང་ཚོས་མུ་མཐུད་ཁྱེད་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡིན”ཞེས་ཐར་རྒོད་ཀྱིས་ལན་བརྒྱབ།

    མི་གཉིས་མཉམ་དུ་ལས་དོན་གཅིག་ལ་ཧུར་ཐག་གཞོལ་ནས། སྡོང་རྐང་གཅིག་ཀྱང་མི་སྐྱེ་བའི་ས་ཆ་འདིར་ཆུ་མཁོ་འདོན་བཟོ་གྲྭ་དང་དྲོད་ཁང་ཆེ་མོ་བསྐྲུན་པ་མ་ཟད། མི་རབས་རྗེས་མ་ཕྱིར་སྐྱོད་པར་སྟབས་བདེ་ཡོང་བའི་ལམ་བུའང་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།