དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་སེ་ཧྲེར་གྱི་ཙུང་ཐུང་ཧོ་སྨི་ཉི་ཡེ་ཡིས་ཀྲུང་སེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སེ་ཧྲེར་གྱི་ཙུང་ཐུང་ཧོ་སྨི་ཉི་ཡེ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་སེ་ཧྲེར་གྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་ལྟ་སྐྱོང་མཐའ་གཅིག་ཏུ་བྱས་པས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་རྡོ་རྗེ་བྲག་ལྟར་བརྟན་པོ་བྱུང་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ་དཔུང་པ་མཉམ་གཤིབ་ཀྱིས་བསྐྱོད་ཚེ། ཀྲུང་སེའི་འབྲེལ་བ་འཕེལ་རྒྱས་ཀྱི་ལམ་ཆེན་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་ངེས་ཡིན་ལ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་དེ་བས་འོད་ཟེར་སྟོང་ལྡན་དུ་འགྱུར་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་ཀྲུང་སེའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཧོ་སྨི་ཉི་ཡེ་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་སེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྣེ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད།

    ཧོ་སྨི་ཉི་ཡེ་ཡིས། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ཡི་རིང་། སེ་ཀྲུང་གི་འབྲེལ་བ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་སེ་ཧྲེར་གྱི་རོགས་ཟླ་རྩ་ཆེན་ཡིན་པས་སེ་ཧྲེར་ཕྱོགས་ཀྱི་དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་བ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྒྱབ་སྐྱོར་མང་པོ་བྱས་ཡོད། སེ་ཧྲེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་གི་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།