ཏང་ཡོན་ཁྲི་10128.6དང་གཞི་རིམ་ཏང་རྩ་འཛུགས་ཁྲི་543.1ཡོད་པ།
ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དཔུང་ཁག་རིམ་གྱིས་སྟོབས་ཆེར་ཕྱིན་པ།
རྩ་འཛུགས་ཀྱི་མ་ལག་ཉིན་བཞིན་ཚགས་ཚུད་པོ་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ལོ་མཇུག་བར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་10128.6ཟིན་ནས་ལོ་གོང་མ་ལས་ཁྲི་101.5འཕར་ཡོད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི་543.1ཟིན་ནས་ལོ་གོང་མ་ལས་ཁྲི་18.1འཕར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ནས། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་མ་ལག་ནན་པོ་ཞིག་ནུས་ཤུགས་ཡོད་རྒུས་བཙུགས་ཏེ། སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་རིང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
ཏང་ཡོན་གྱི་བསྡོམས་འབོར་འོས་འཚམ་འཕར་བ། ཏང་ཡོན་གྱི་བསྡོམས་འབོར་ལོ་གོང་མ་ལས་1.0%འཕར་ཡོད། ལོ་ཧྲིལ་པོར་ཏང་ཡོན་ཁྲི་208.6འཕེལ་རྒྱས་བཏང་བའི་ནང་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོར་ཏང་ཡོན་ཁྲི་107.2ཟིན་ནས་51.4%བཟུང་ཡོད། ཆེད་ལས་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་114.3ཟིན་ནས་54.8%བཟུང་ཡོད། ལོ་35དང་དེ་མན་གྱི་ཏང་ཡོན་ཁྲི་175.3ཟིན་ནས་84.0%བཟུང་ཡོད།
ཏང་ཡོན་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། 2025ལོའི་ལོ་མཇུག་བར། ཆེད་ལས་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་ཁྲི་5976.5ཟིན་ནས་59.0%བཟུང་སྟེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.4འཕར་ཡོད། བུད་མེད་ཏང་ཡོན་ཁྲི་3191.4ཟིན་ནས་31.5%བཟུང་སྟེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.6འཕར་ཡོད། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་787.8ཟིན་ནས་7.8%བཟུང་སྟེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད། བཟོ་པ་དང་ཞིང་པ་ནི་སྔར་བཞིན་ཏང་ཡོན་དཔུང་ཁག་གི་བྱེད་པོ་གཙོ་བོ་ཡིན་པ་དེས་སྤྱི་འབོར་གྱི་32.4%བཟུང་ཡོད།
ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཏེ། ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པར་བརྟེན་ལོ་ཧྲིལ་པོར་གསོ་སྦྱོང་བྱས་པའི་ཏང་ཡོན་མི་ཐེངས་ལོ་གོང་མ་ལས་3.7%འཕར་བ་དང་། རྫོང་རིམ་པ་ཡན་གྱི་ཏང་ཨུད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་498.7ལ་ལས་བྲལ་གསོ་སྦྱོང་བྱས་ཡོད། ཏང་གི་རྩ་འཛུགས་ཀྱི་འཚོ་བ་ནན་ལ་ཚད་ལྡན་དུ་བཏང་བ་དང་། ས་གནས་ཏང་ཨུད་འགོ་ཁྲིད་ཚན་ཁག་3202ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། ཏང་ཀྲི་པུའུ་ཁྲི་463.6གིས་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ནས་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱས་ཡོད། ཏང་ནང་ཁུལ་གྱི་གཟེངས་བསྟོད་དང་། སྐུལ་ལྕག ཐུགས་ཁུར་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཁྲི་10.8དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་ཁྲི་58.3 ཕུལ་བྱུང་ཏང་དོན་ལས་དོན་པ་ཁྲི་16.5བཅས་ལ་གཟེངས་བསྟོད་བྱས་ཡོད། ལོ་ཧྲིལ་པོར“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་ཁྲི་93.9སྤྲད་ཡོད།
གཞི་རིམ་ཏང་རྩ་འཛུགས་སྔར་བས་སྟོབས་དང་ལྡན་པ། རྒྱལ་ཡོངས་སུ་ཁྱོན་གཞི་རིམ་ཏང་ཨུད་ཁྲི་31.4དང་། སྤྱི་ཁྱབ་ཀྲི་པུའུ་ཁྲི་33.3 ཀྲི་པུའུ་ཁྲི་478.3བཅས་བཙུགས་ནས་ལོ་གོང་མ་ལས་ཁྲི་0.8དང་། ཁྲི་0.4 ཁྲི་17.0བཅས་སོ་སོར་འཕར་ཏེ། རྩ་འཛུགས་བཀོད་སྒྲིག་སྔར་བས་ཚན་རིག་དང་མཐུན་ལ་ཚད་ལྡན་བྱུང་བ་དང་རྩ་འཛུགས་མ་ལག་སྔར་བས་ཚགས་ཚུད་དུ་སོང་ཡོད། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པར་བརྟེན། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་48.3གྱི་ཁྲོད་ཆེད་ལས་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་མཁན་གྱིས་56.5%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8.9མཐོ་རུ་ཕྱིན་ཡོད། གྲོང་སྡོད་ཧྲུའུ་ཅི་དང་པོ་དྲག་འདེམས་ཧྲག་སྒྲིག་རྒྱུན་མཐུད་བྱས་པ་དང་ད་ཆ་གྲོང་སྡོད་ཧྲུའུ་ཅི་དང་པོ་ཁྲི་18.8ཡོད་པ་དེ་དག་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་39.0%ལ་ཁྱབ་ཡོད། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ནུས་པ་ཟབ་ཏུ་རྒྱུན་མཐུད་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྟོབས་ཤུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་རྒྱུན་མཐུད་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན་ལས་ཁུངས་དང་། བྱ་གཞག་ཚན་པ། ཁེ་ལས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཐོར་འདེགས་གསར་པ་བྱུང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེགས་ཆ་དང་རྣམ་པར་རྒྱལ་བའི་ལེགས་ཆར་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།