འཛམ་གླིང་འབྲེལ་མཐུད་ཡོང་བར་རམ་འདེགས་བྱེད།
—— ཀྲུང་གོས་པུ་རུན་ཏིར་རོགས་སྐྲུན་བྱས་པའི་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་སྐོར་ལ་བཅར་འདྲི་ཞུས་པ།

⇑ འདི་ནི་ཟླ་6ཚེས་4ཉིན། པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུར་ཀྲུང་པུ་རྒྱལ་ཁབ་གཉིས་ཀྱི་ལས་དོན་པས་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ཡུལ་དངོས་སུ་སྤེལ་རེས་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཅུམ་པུ་རུ་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། མུན་པ་རུབ་པའི་མཚམས་སུ་པུ་རུན་ཏིའི་ཐན་ཀ་ཉི་ཁ་མཚེའུའི་འགྲམ་དུ་གནས་པའི་པུ་ཅུམ་པུ་རུ་རྒྱལ་སྤྱིའི་གནམ་ཐང་གི་གློག་འོད་གསལ་བ་དང་། རྒྱུག་ལམ་ཐོག་བརྡལ་འགྲེམས་འཕྲུལ་འཁོར་དང་ལམ་བཅག་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་གྲལ་སྟར་འགྲིག་པོས་ལས་ཀ་བྱེད་བཞིན་ཡོད་ལ་ཀྲུང་པུ་ཕྱོགས་གཉིས་ཀྱི་ལས་དོན་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སྣུམ་སྙིགས་ཨར་འདམ་བསྲེས་མ་འདིང་བའི་ལས་ཀ་བྱེད་བཞིན་ཡོད།
ཉེ་ཆར། གསར་འགོད་པ་པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུར་ཡོང་ནས་ཀྲུང་གོས་རོགས་སྐྲུན་བྱེད་པའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་དེའི་ཡུལ་དངོས་སུ་བཅར་འདྲི་ཞུས་པ་ཡིན། རྣམ་གྲངས་དེ་ཧྲང་ཧའེ་པའོ་ཡེ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་ཞིང་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་རེད།
པུ་རུན་ཏི་ནི་ཨ་ཧྥེ་རི་ཁའི་དབུས་ཤར་རྒྱུད་དུ་གནས་པ་དང་མངའ་ཁོངས་ཀྱི་རི་ཚོགས་མུ་ལ་མུ་ཁྱུད་དུ་སྦྲེལ་ཞིང་། རྒྱལ་ཡོངས་ཁྱོན་ལ་རྒྱལ་སྤྱིའི་གནམ་ཐང་གཅིག་རང་ལས་མེད་པ་དེ་ནི་པུ་ཅུམ་པུ་རུ་རྒྱལ་སྤྱིའི་གནམ་ཐང་རེད། “པུ་རུན་ཏི་ནི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། གནམ་ཐང་འདི་ནི་པུ་རུན་ཏི་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་མཁའ་དབྱིངས་ཀྱི་སྒོ་མོ་གཅིག་པུ་དེ་རེད”ཅེས་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་འཆར་འགོད་ཇུས་འགོད་ཞིབ་འཇུག་སྤྱི་ཁྱབ་ཁང་ཚད་ཡོད་ཀུང་སིའི་རྣམ་གྲངས་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་ཡུས་པའོ་ལེའང་གིས་གསར་འགོད་པར་བཤད། ཁོང་གིས་རྣམ་གྲངས་ལས་འགོ་མ་བཙུགས་གོང་གནམ་ཐང་དེའི་སྒྲིག་བཀོད་རྙིང་པ་ཡིན་ལ་རྒྱུག་ལམ་འཕྲོ་བརླག་ཕྱིན་ནས་ས་གནས་དེ་གའི་མཁའ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་ཐུབ་མེད་ཅེས་བཤད།
དེས་ན་གནམ་ཐང་གསར་སྒྱུར་གྱི་ལས་དོན་ནར་འགྱངས་ཡུད་ཙམ་ཡང་བྱེད་མི་རུང་། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་འཕུར་སྐྱོད་ཁུལ་གྱི་ད་ཡོད་རྒྱུག་ལམ་དང་། འདྲེད་བཞུད་ལམ། གནམ་ཐང་ལས་སྟེགས་བཅས་ཉམས་གསོ་བྱ་རྒྱུ་དང་། ཁ་གཅུ་ས་སོགས་གསར་སྐྲུན་བྱ་རྒྱུ། སྨི་ངོས་གྲུ་1500ཙམ་ཡོད་པའི་མཐོ་ལྕོག་དང་མཁའ་འགྲུལ་དོ་དམ་གཞུང་ལས་ཐོག་ཁང་གསར་སྐྲུན་བྱ་རྒྱུ་མ་ཟད། མཁའ་འགྲུལ་དོ་དམ་དང་། འཕྲིན་གཏོང་། གནམ་གཤིས། ལྟ་ཞིབ་སོགས་དེ་མཚུངས་ཀྱི་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱེད་དགོས་ཀྱི་ཡོད།
2024ལོར། གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་དངོས་སུ་ལས་འགོ་བཙུགས་ཤིང་། ཚོགས་པས་དངོས་ཟོག་མཁོ་སྤྲོད་མི་འདང་བ་དང་། གློག་དྲའི་གློག་མཁོ་འདོན་བརྟན་པོ་མེད་པ། ཚད་ནད་ཡང་ཡང་ཐོན་པ། འཆར་གཞིའི་ནང་མ་ཚུད་པའི་གནས་སྐབས་དུས་གཏན་གནམ་གྲུ་མང་བ་སོགས་ཀྱི་འགྲན་སློང་མང་པོ་ཁྱད་དུ་བསད་དེ་འཛུགས་སྐྲུན་གྱི་ལས་དོན་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཡོད། ས་གནས་དེ་གའི་ངལ་རྩོལ་པའི་རྩལ་ནུས་ཞན་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཚོགས་པས“བརྒྱུད་རོགས་ཁྲིད་གསུམ”བརྒྱུད་ལས་སྒྲུབ་ཀྱི་ལས་ཕྱོད་རིམ་བཞིན་ཆེ་རུ་བཏང་ཡོད། མིག་སྔའི་བར། རྣམ་གྲངས་དེས་ས་གནས་དེ་གའི་ལས་མི་100ལྷག་ཙམ་གླས་ནས་ཉེ་འཁོར་སྡེ་ཁུལ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
ཨར་ལས་ལག་རྩལ་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཝེ་ཡིས་རྣམ་གྲངས་དེ་ནི་ཀྲུང་གོས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་གནམ་ཐང་གི་རྣམ་གྲངས་ཁྲོད་གནམ་གྲུ་འཕུར་འབབ་བྱེད་མཚམས་མ་བཞག་པར་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱས་པའི་རྣམ་གྲངས་ཤིག་རེད། རྣམ་གྲངས་ཚོགས་པས་གནམ་ཐང་རྒྱུན་གཏན་ལྟར་གཉེར་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་གཏན་གནམ་གྲུ་འཕུར་འབབ་མེད་པའི་དུས་སུ་འཕུར་སྐྱོད་ཁུལ་ནང་གི་རྒྱུག་ལམ་དང་ཤུད་ལམ་སོགས་ཀྱི་སྒྲིག་བཀོད་ཉམས་གསོ་བྱེད་དགོས་པ་དེ་ནི་ཨར་ལས་ཀྱི་ཞིབ་ཚད་ལ་ཚོད་བགམ་བྱས་པ་ཞིག་རེད་ལ་སྒྲིག་འཛུགས་བྱེད་ནུས་ལ་འགྲན་སློང་བྱས་པ་ཞིག་ཀྱང་རེད་ཅེས་ངོ་སྤྲོད་བྱས།
ན་ནིང་ཟླ་12པར། རྣམ་གྲངས་ཚོགས་ཆུང་ལ་པུ་རུན་ཏིའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བསྐུར་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་འབྱོར་ཡོད། ཡི་གེའི་ནང་གནམ་གྲུ་འཕུར་འབབ་བྱེད་མཚམས་མ་བཞག་པར་ཨར་སྐྲུན་བྱེད་རིང་ཀྲུང་གོའི་ཁེ་ལས་ཀྱིས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ཡུལ་དངོས་སུ་དོ་དམ་ཚོད་འཛིན་ནན་པོ་དང་ཕན་འབྲས་ཆེ་བའི་མཐུན་སྦྱོར་གཞོགས་འདེགས་བྱས་པ་བརྒྱུད་ལས་གྲྭའི་འཕེལ་རིམ་དང་གནམ་ཐང་འཁོར་སྐྱོད་ཀྱི་བདེ་འཇགས་འགན་ལེན་ཐུབ་ནས་ཆེད་ལས་ཀྱི་སྒྲིག་འཛུགས་ཆུ་ཚད་དང་ཏན་ཏིག་གི་ཨར་སྐྲུན་ནུས་པ་མངོན་ཡོད་ཅེས་བསྔགས་བརྗོད་བྱས་ཡོད།
གནམ་ཐང་གི་ལྷོ་ངོས་ནས་ཐན་ཀ་ཉི་ཁ་མཚེའུ་དབར་བར་ཐག་སྤྱི་ལེ་གཉིས་ཙམ་ལས་མེད། རྣམ་གྲངས་ཀྱི་ལས་དོན་པས་མཚན་མོ་ཨར་ལས་བྱེད་སྐབས་མཚོ་གླང་ཁ་ཤས་མཚེའུ་ཡི་འགྲམ་དུ་དལ་དལ་ལྷོད་ལྷོད་ཀྱིས་བསྐྱོད་དེ་འཕུར་སྐྱོད་ཁུལ་དང་ཐག་མི་རིང་བའི་སར་ཟས་འཚོལ་བཞིན་ཡོད་པ་སྐབས་འགར་མཐོང་རྒྱུ་ཡོད་ཅིང་། འདི་གར་མི་དང་སྲོག་ཆགས་ཞི་བདེ་མཉམ་གནས་ཀྱིས་རང་རང་གི་འཚོ་བ་སྐྱེལ་བཞིན་འདུག་ཅེས་གསར་འགོད་པར་བཤད།
ཐན་ཀ་ཉི་ཁ་མཚེའུ་ཡི་མཚན་ལྗོངས་ནི་མཛེས་ཤིང་ཁུ་སིམ་པ་དང་མཚོ་འགྲམ་གྱི་གནམ་གྲུའི་རྒྱུག་ལམ་དུ་སྔར་བཞིན་བྲེལ་འཚུབ་ཀྱིས་ཁེངས་ཡོད། ཀྲུང་པུ་རྒྱལ་ཁབ་གཉིས་པོའི་འཛུགས་སྐྲུན་པ་ཚོས་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་འཕེལ་རྒྱས་དང་རེ་བར་ཕྱོགས་པའི་སྐར་ཁུང་ཞིག་མཉམ་དུ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།