ཝེ་ནེ་ཙུའེ་ལ་ཡིས་ཡོམ་རྗེས་ཀྱི་སྐྲུན་དངོས་ཚོད་སྐོར་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གི་སྒྲིག་གཞི་བཙུགས་པ།
རྐྱེན་ལམ་དུ་ཤོར་བའི་མི་གྲངས་1450བར་འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁ་ར་ཁ་སི་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་28ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལས་ཚབ་ལུའོ་ཏེ་ལི་ཀེ་སིས། ཡོམ་རྗེས་ཀྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ལ་བདེ་འཇགས་ཚོད་སྐོར་གྱི་འགན་འཁུར་མཁན་ཙུང་ཐུང་ཨུ་ཡོན་ལྷན་ཁང་བཙུགས་ཡོད་ལ། གནས་སྐབས་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་དང་གནོད་འཚེ་ཕོག་པའི་མང་ཚོགས་བསྡུ་ཉར་གྱི་འགན་འཁུར་མཁན་བཀོད་འདོམས་སྒྲིག་གཞི་ཡང་བཙུགས་ཡོད་ཅེས་བརྗོད།
ལུའོ་ཏེ་ལི་ཀེ་སིས་དེ་ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག སྲིད་གཞུང་གིས་སྔར་བཞིན་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་བཞིན་ཡོད་པས། ཝེ་ནེ་ཙུའེ་ལའི་དམངས་ཚོགས་ཀྱིས་མུ་མཐུད་ཡིད་ཆེས་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། འབྲེལ་ཡོད་སྡེ་ཚན་གྱིས་བསྐྱར་སྐྲུན་ཇུས་གཞི་བཟོས་ནས། དུས་ཐུང་ནང་སྡོད་ཁང་གསར་པ་སྐྲུན་འགོ་བཙུགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་གང་མགྱོགས་སླར་གསོ་ཐུབ་པར་རོགས་རམ་བྱ་རྩིས་ཡོད་ཅེས་བརྗོད་པ་དང་། ཁོང་གིས། གནོད་འཚེ་ཚབས་ཆེན་ཕོག་ཁུལ་ལཱ་ཀྭ་དབྱི་ལ་ཀྲོའུ་ཡི་ས་ཁུལ་མང་ཆེ་བར་མིག་སྔར་གློག་མཁོ་འདོན་སླར་གསོ་བྱུང་ཡོད་ལ། འགྲོ་ལམ་འགྲིམ་འགྲུལ་དང་ཆུ་མཁོ་འདོན་མ་ལག་ཀྱང་རིམ་བཞིན་སླར་གསོ་བྱུང་ཡོད་ཅེས་བརྗོད།
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་24ཉིན། ཝེ་ནེ་ཙུའེ་ལར་སྐར་མ་གཅིག་ཀྱང་མ་སོང་བའི་ནང་རིམ་པ་7ཡན་གྱི་ས་ཡོམ་དྲག་པོ་ཐེངས་གཉིས་བརྒྱབ་ཅིང་། ཝེ་ནེ་ཙུའེ་ལའི་གཞུང་ཕྱོགས་ཀྱི་བསྡོམས་རྩིས་གསར་ཤོས་ལས་མངོན་པར། ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་1450བར་འཕར་བ་དང་། རྡིབ་པའམ་ཡང་ན་གཏོར་སྐྱོན་ཕོག་པའི་སྐྲུན་དངོས་ཁང་བསྟར་774ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།