བོད་རིགས་ན་གཞོན་ཚེ་རིང་གི་མེ་འཁོར་ཁ་ལོ་བའི་ཕུགས་འདུན།

འདི་ནི་ཟླ་6ཚེས་27ཉིན་ལྷ་སའི་མེ་འཁོར་འབབ་ཚུགས་སུ་ཚེ་རིང་གིས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གྱི་མདུན་དུ་བརྒྱབ་པའི་པར་ཡིན་པ།

འདི་ནི་ཟླ་6ཚེས་27ཉིན་ཚེ་རིང(གཡོན་གྱི་གཉིས་པ)གིས་གཞིས་རྩེར་ཡོད་པའི་ཁྱིམ་དུ་ནང་མི་དང་གུང་ཟས་ཟ་བཞིན་པ།
ཚེ་རིང་ད་ལོ་ལོ་31ལ་སླེབས་པ་དང་བོད་ལྗོངས་གཞིས་རྩེ་ནས་ཡིན་ཞིང་། མཚོ་བོད་ལྕགས་ལམ་བསྐྱར་དར་རྟགས་ཅན་གྱི་བོད་རིགས་ཁ་ལོ་བ་གཞོན་ཤོས་རེད།
ལྕགས་ལམ་ཁོངས་གཏོགས་སུ་ལས་ཀ་བྱེད་པའི་གཅེན་པོས“མེ་འཁོར་གཏོང་སྐབས་ཧ་ཅང་མགྱོགས་ལ་བརྟན་པོ་ཡོད”ཅེས་ལྕགས་ལམ་གྱི་སྐོར་གླེང་སྐབས། 2005ལོར་ལོ་10ལ་སླེབས་པའི་ཚེ་རིང་གིས་གཟབ་ནན་ངང་ཉན་གྱི་ཡོད། སྐབས་དེ་དུས་ཁོང་ཕ་ཡུལ་ནས་ལྷ་སར་སྐྱོད་པར་ཐེར་གེ་བསྡད་ན་ཉིན་གསུམ་ཏག་ཏག་འགོར་གྱི་ཡོད་པ་དང་། ལྗིད་འདེགས་རླངས་འཁོར་རམ་འདྲུད་འཐེན་འཁོར་ལོ་བསྡད་ན་ཉིན་གང་འགོར་གྱི་ཡོད། དེས་ན་མེ་འཁོར་ཞེས་པའི་ཐ་སྙད་དེ་ཁོང་གི་རྣ་བའི་ཡུལ་དུ་ཐོས་སྐབས་ཡིད་དབང་རྦད་དེ་འཕྲོག
ཚེ་རིང་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་སྐབས་མཚོ་བོད་ལྕགས་ལམ་ཀུང་སིས་སློབ་གྲྭར་མེ་འཁོར་གྱི་ཁ་ལོ་བ་བསྡུ་བར་ཡོང་བ་དང་ཁོང་གིས་འཕྲལ་མར་མིང་ཐོ་བཀོད། 2017ལོར་ལས་ཀར་ཞུགས་སྐབས་ཁོང་གིས་ལྷ་ས་ནས་ཟི་ལིང་དུ་མེ་འཁོར་བསྡད་དེ་འབྱོར་ཐོ་འགོད་པར་བསྐྱོད་པ་དེ་ནི་ཁོང་གི་མི་ཚེའི་ནང་མེ་འཁོར་སྡོད་ཐེངས་དང་པོ་རེད། ལས་ཀར་ཞུགས་རྗེས་སྐད་བརྡ་དེ་འགོག་རྐྱེན་ཆེ་ཤོས་སུ་གྱུར་ཞིང་། ལག་རྩལ་སྐོར་གྱི་ཐ་སྙད་དང་ལམ་ཐིག་ཧྲིལ་པོའི་ཟམ་ཕུག་གི་གྲངས་གཞི་ལ་སོགས་པའི་ནང་དོན་མང་པོ་བློ་ལ་ངེས་དགོས་ཀྱི་ཡོད། ཁོང་གིས་རྟག་ཏུ་མཚན་མོའི་ཆུ་ཚོད་གཉིས་པ་གསུམ་པ་བར་ངག་སྐྱོར་གཏོང་བ་དང་ཡིག་གཟུགས་སྦྱོང་གི་ཡོད། ཁ་ལོ་བའི་ལག་ཁྱེར་J5དང་། J9 J8 J6བཅས་བཞིའི་ཡིག་རྒྱུགས་ཁོང་གིས་ཐེངས་གཅིག་ལ་འཕྲོད་པ་དེ་ནི་ཁག་ཐེངས་གཅིག་པའི་བོད་རིགས་སློབ་མའི་ཁྲོད་ནས་ཁོང་ལས་མེད།
2024ལོའི་ཟླ་8ཚེས་16ཉིན་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་བཅུ་འཁོར་བའི་མཚམས་སུ་ཁོང་གིས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བཏང་སྟེ་ཕ་ཡུལ་གཞིས་རྩེའི་ཕྱོགས་སུ་བསྐྱོད། ཚུགས་སྟེགས་ཐོག་ཁ་བཏགས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དང་ཁོང་གིས་སྒེའུ་ཁུང་ཕྱིར་ལྟ་བཞིན་སེམས་ནང“ཕ་ཡུལ་ཉིན་བཞིན་འཕེལ་རྒྱས་འགྲོ་ངེས་ཡིན་པའི”ཡིད་ཆེས་ཀྱིས་ཁེངས།
ད་ཆ་ཚེ་རིང་ལྷ་སར་གཞིས་ཆགས་པ་དང་བྱིས་དུས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ཁོང་གིས་མྱུར་བགྲོད་མེ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་J7ལེན་རྒྱུའི་དམིགས་ཚད་སེམས་སུ་བཅངས་ཤིང་། “དུས་རབས་ལ་འཕོ་འགྱུར་འགྲོ་བས་ཕུགས་འདུན་ཡང་དེ་དང་བསྟུན་ནས་གོང་མཐོར་གཏོང་དགོས”ཞེས་ཁོང་གིས་བཤད།
འབྲེལ་ཡོད་གསར་འགྱུར།