དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གསེར་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཞི་རྩའི་སྐྱེ་ཁམས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཧྲའོ་མིན། དབྱིན་ཅེ།   |     སྤེལ་དུས།  2026-07-01

    རིགས་གསར་པའམ་རིགས་གསར་པ་ཡིན་དོགས་ཀྱི་སྐྱེ་དངོས་རིགས་25གསར་དུ་རྙེད་པ་དང་། ཀྲུང་གོའི་གསར་དུ་ཐོ་བཀོད་པའི་རིགས་18 སི་ཁྲོན་གྱི་གསར་དུ་ཐོ་བཀོད་པའི་རིགས་253སོགས། ཟླ་བཞི་པའི་ཟླ་མཇུག་ཏུ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྣམ་གྲངས་ཀྱི་ཞིབ་བཤེར་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་དུ་གནས་པའི་གསེར་མཚོ་རང་བྱུང་སྲུང་སྐྱོང་ཁུལ་ལ་སྐྱེ་བོ་མང་པོས་དོ་སྣང་ཆེན་པོ་བྱས་ཡོད། ས་ཁོངས་ཡོངས་ལ་ཁྱབ་པ་དང་། རིགས་ཚོགས་ཡོངས་ལ་བརྒྱུད་རིམ་ལྡན་པའི་བརྟག་དཔྱད། ཚན་པ་མང་པོས་མཉམ་སྒྲུབ་འགག་སྒྲོལ་བཅས་བྱེད་པའི་གཞི་རྩའི་ཐོན་ཁུངས་བརྟག་དཔྱད་ཆེན་པོ་བྱས་པ་ལས། གསེར་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་མངོན་ཡོད།

    གསེར་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཞི་རྩའི་སྐྱེ་ཁམས་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་དོན་ཅི་ཡིན་ནམ།

    གསེར་མཚོ་དོ་དམ་ཅུས་ཐོན་ཁུངས་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་དབྱང་པའོ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གིས་སྣེ་ཁྲིད་པའི་ཐོག ཚན་ཞིབ་སློབ་གླིང་མང་པོ་དང་མཉམ་འབྲེལ་བྱས་ཏེ་ཁེབས་ཁྱོན་སྤྱི་ལེ་ངོས་གྲུ་1700ལྷག་ཙམ་ཟིན་པའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྣམ་གྲངས་ལག་ལེན་བསྟར་ཞིང་། དེའི་དམིགས་ཡུལ་ནི་གསེར་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྩའི་གནས་སྟངས་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱ་ཆེད་ཡིན་པ་རེད།

    ལོ་2ལྷག་ཙམ་ལ་རྣམ་གྲངས་ལག་བསྟར་བྱས་རྗེས་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་སྟེ། རིམ་རྩིས་བརྒྱབ་ན་སྐྱེ་དངོས་སྣ་ཁ་4686ཐོ་བཀོད་པ་དང་། མ་དཔེ་ཁྲི་4.9དང་འདུས་རྡུལ་སྐྱེ་དངོས་མ་དཔེ་ཁྲི་1.2བསྡུས་པ། 120TB(རྩིས་འཁོར་ཤོང་ཚད)ཟིན་པའི་སྒྲ་རིས་དང་བརྙན་ལེན་གྲངས་གཞིའི་མཛོད་བཟོས་ཡོད།

    དབྱང་པའོ་ལིན་གྱིས“ད་ཐེངས་བརྟག་དཔྱད་བྱས་པ་བརྒྱུད་དུས་ཡུན་རིང་པོར་གྲངས་གཞི་ཁ་ཐོར་དང་། དཔྱད་གཞི་རྙིང་བ། གནས་སྟངས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད”ཅེས་བཤད་པ་དང་། ཁོང་གིས་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དོ་དམ་བྱ་བར་གཞི་རྩའི་གྲངས་གཞི་དང་ཐབས་ཇུས་ཀྱི་གཞི་འཛིན་ས་བཏོན་པས། ཕྱིས་འབྱུང་རྒྱུན་རྣམ་ཅན་གྱི་ཁ་གསབ་བརྟག་དཔྱད་ལམ་སྲོལ་བཙུགས་ཏེ། ལོ་10ནས་15བར་ལ་ཐོན་ཁུངས་བསྐྱར་ཞིབ་ཐེངས་རེ་བྱས་ནས་རིགས་ཚོགས་ཀྱི་གནས་ཚུལ་ལ་རྗེས་སྙེག་རྒྱུན་ཆད་མེད་པར་བྱ་རྒྱུ་རེད་ཅེས་བཤད།

    སྐྱེ་དངོས་རིགས་གསར་པ་ཇི་ལྟར་རྙེད་པ་ཡིན་ནམ།

    དེའི་ཐད་གསེར་མཚོ་དོ་དམ་ཅུས་ཐོན་ཁུངས་སྲུང་སྐྱོང་ཁྲུའུ་ཡི་ལས་དོན་པ་ཀྲོའུ་ཐིང་ཧུང་གིས་རང་ཉིད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་སྟེ། ཕྱི་རོལ་དུ་བརྟག་དཔྱད་བྱེད་པར་འགྲོ་སྐབས། མེ་ཏོག་སེར་སྐྱ་མཐོང་མྱོང་མེད་པ་ཞིག་འཕྲད་ནས་ཡ་མཚན་ཆེན་པོས་འཕྲལ་མར་པར་བརྒྱབ་པ་དང་། རྗེས་སུ་ཕྱི་ནས་མ་དཔེ་ལེན་པ་དང་། མ་དཔེ་ཕན་ཚུན་བསྡུར་བ། ཚོད་ལྟ་ཁང་ནས་གསལ་འབྱེད་བྱེད་པ་སོགས་ཚན་ཞིབ་ཀྱི་བརྒྱུད་རིམ་ཆ་ཚང་པོ་ཞིག་བརྒྱུད་རྗེས། མེ་ཏོག་སྣ་ཁ་གསར་པ་དེ་གསེར་མཚོའི་ལུག་མཉེ་མེ་ཏོག་རིགས་སུ་གཏན་འཁེལ་བྱས་པ་རེད།

    སྔོ་ཁེབས་ལ་ནད་འབུའི་གནོད་པ་ཡོད་མེད་དང་། ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཡོད་མེད་སོགས་ལ་ལྟ་ཞིབ་དང་ཐོ་འགོད་རྒྱུ་ནི་ཀྲོའུ་ཐིང་ཧུང་དང་ལས་རོགས་ཚོའི་རྒྱུན་གཏན་སྐོར་གཡེང་བྱེད་རིང་གི་ནང་དོན་གཙོ་བོ་ཞིག་རེད། ཀྲོའུ་ཐིང་ཧུང་གིས“ལོ་ལྟར་གྱི་ལོ་འགོར། ང་ཚོས་སྐོར་སྐྱོད་སྲུང་སྐྱོང་འཆར་གཞི་བཟོས་ཏེ་ས་ཁོངས་དྲ་མིག་ཏུ་བགོས་ནས་སྐོར་སྐྱོད་སྲུང་སྐྱོང་ལམ་ཐིག་ལ་འཆར་གཞི་འགོད་ཀྱི་ཡོད། སྐྱེ་དངོས་རིགས་གསར་པ་དེ་ཚོའི་འཚོ་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན”ཞེས་བཤད།

    ཉིན་རེར་སྐོར་གཡེང་བྱེད་པ་དེ་ཕྱི་མིས་བལྟས་ཚེ་ཆོ་མེད་ཞིག་ཏུ་མཐོང་སྲིད་ཀྱང་། ཀྲོའུ་ཐིང་ཧུང་ནི་དེར་སྤྲོ་བ་ཆེན་པོ་ཡོད། ཁོང་གིས“ཡུལ་ལྗོངས་གསར་པ་དང་རྩི་ཤིང་རིགས་གསར་པ་ཁག་གཅིག་རྙེད་རིམ་བཞིན་ང་ཚོའི་སྐོར་གཡེང་བྱ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཚོར་གྱི་འདུག”ཅེས་བཤད།

    དཀའ་བ་སྤྱད་ན་འབྲས་བཟང་ཐོབ། གསེར་མཚོའི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་ཡག་ཏུ་སོང་བ་དང་ས་ཁོངས་ཀྱི་བཙན་ལྷའི་སྤྲེའུ་སྤུ་སེར་དང་། གཙོད། གནའ་བ་སོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། 2025ལོར་གསེར་མཚོ་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་འདི་ཉིད་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་ལྗང་མདོག་མིང་གཞུང་ནང་དངོས་སུ་ཚུད་ཡོད།

    སྐྱེ་ཁམས་ཀྱི་གཞི་རྩའི་གནས་སྟངས་གསལ་པོ་ཤེས་རྗེས། གོམ་སྟབས་རྗེས་མའི་ལས་ཀའི་གཙོ་གནད་ནི་ཡག་པོ་བསྒྲུབ་རྒྱུ་དེ་ཡིན།

    གསེར་མཚོ་དོ་དམ་ཅུས་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་རུང་ཅུན་ཡ་ཡིས། “ཚན་ཞིབ་ཀྱི་བརྟག་དཔྱད་བྱས་འབྲས་ཕྱིར་འདོན་དགོས། དེ་རང་བྱུང་སྲུང་སྐྱོང་དོ་དམ་གྱི་སྲིད་ཇུས་བྱ་ཐབས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་འདེགས་ཞུ་དགོས། ས་གནས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྲེམས་སྟོན་ཁང་ཞིག་བརྒྱབ་ནས་འབྲེལ་ཡོད་ཀྱི་རིག་གནས་ཐོན་ཁུངས་དང་ཟུང་འབྲེལ་གྱིས་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་བསྟན་ཏེ། མང་ཚོགས་ཀྱིས་གསེར་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤེས་རྟོགས་སྔར་བས་ལེགས་པ་ཡོང་བར་བྱ་རྩིས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།