སྐལ་བཟང་མེ་ཏོག་རབ་ཏུ་བཞད། ཐོག་མའི་བསམ་འདུན་ནམ་ཡང་བཅངས།
——“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་སྒྲོལ་དཀར་ལ་བཅར་འདྲི་བྱས་པ།
ཡར་ཀླུང་ས་གཞི་ཆེན་པོར་རླུང་བུ་སིལ་སིལ་ལྡང་བ་དང་། གངས་ལྗོངས་ས་མཐོར་སྐལ་བཟང་མེ་ཏོག་རབ་ཏུ་བཞད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ནས་གསར་འགོད་པས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཡུལ་མི་སྒྲོལ་དཀར་མཐོང་། ཁོང་ཉེ་ཆར་ཕོ་བའི་ནད་ཀྱིས་རྐྱེན་པས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ལོ་65ལ་སླེབས་པའི་བགྲེས་སོང་ཁོང་ནི་ཡུལ་སྨད་ཤང་གི་ཤང་ཀྲང་གཉིས་པ་ཡིན་པ་དང་ཡུལ་མི་རྣམས་ཀྱིས་ཁོང་ལ“ས་མཐོའི་སྐལ་བཟང་མེ་ཏོག་མཛེས་ཤོས”ཞེས་འབོད་ཀྱི་ཡོད།
ཡུལ་སྨད་ཤང་གི་སྐོར་གླེང་སྐབས་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས“ཡུལ་སྨད་ཀྱི་འགྱུར་ལྡོག་ཆེ་ཤོས་ནི་ལམ་ཇེ་ཡག་ཏུ་ཕྱིན་པ་དེ་རེད”ཅེས་བཤད།
1999ལོར་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་སྨད་གཞུང་ལམ་བསྐྲུན་པ་དང་། 2001ལོར་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ཡུལ་སྨད་ཤང་དུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 2019ལོར་ཡུལ་སྨད་དུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་ལྟར་གངས་ཆེན་བབས་ནས་རི་རྒྱ་བསྡམས་པའི་དཀའ་ངལ་བསལ་ཡོད། ད་ཆ་ཡུལ་སྨད་ཤང་གི་འགྲོ་ལམ་ཡག་ལ་སྟབས་བདེ་བས་མང་ཚོགས་ཕྱིར་སྐྱོད་པའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཡོད།
“འགྲོ་ལམ་བདེ་བས་མང་ཚོགས་ནད་ལྟ་བ་དང་ཕྲུ་གུ་སློབ་གྲྭར་སྐྱོད་པར་སྟབས་བདེ་པོ་ཡོད། ད་རེས་ང་ལྷོ་ཁ་གྲོང་ཁྱེར་དུ་སྨན་པ་བསྟེན་པར་ཡོང་བ་ཡིན། ཞོགས་པའི་ཆུ་ཚོད་དགུ་པར་ཡུལ་སྨད་ནས་ཐོན་ཏེ་ཉིན་དགུང་ཁ་ལག་མ་བཟས་གོང་ནས་འདིར་འབྱོར་སོང”ཞེས་སྒྲོལ་དཀར་གྱི་བཤད།
སྒྲོལ་དཀར་གྱི་གཏམ་རྒྱུད་ནི་ཁོང་གི་ཕ་སངས་རྒྱས་ཆོས་པ་ནས་བརྗོད་དགོས་ཀྱི་ཡོད།
ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་400ལྷག་ཙམ་ཡོད་པ་མ་ཟད། ས་བབ་མཐོ་ཚད་སྨི་5000ལས་བརྒལ་བའི་གངས་རི་4ཡིས་བཀག་པས་དེ་སྔ“མཐའ་མཚམས་ཁེར་ཆགས་གླིང་ཕྲན”ངོ་མ་ཞིག་རེད། དུས་རབས་20པའི་ལོ་རབས་60པ་ནས་བཟུང་སངས་རྒྱས་ཆོས་པས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཁྲིད་དེ་དེ་གར་བརྟན་སྲུང་བྱས། ཉིན་ལྟར་ཕྱུགས་འཚོ་བཞིན་མཐའ་མཚམས་སྐོར་གཡེང་བྱས་ཏེ་ཡུལ་སྨད་ཤང་གི་སྤྱི་ལེ་ངོས་གྲུ་3644ཡི་རྒྱལ་ཁབ་ས་ཆ་སྲུང་སྐྱོང་བྱས་ཡོད།
2021ལོར། སྒྲོལ་དཀར་ལ“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་ནས་ཁོང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་གངས་ལྗོངས་མཐའ་མཚམས་སུ་གཞིས་ཆགས་པ་དང་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་མི་སེམས་འགུལ་བའི་བྱས་རྗེས་ལ་གཟེངས་བསྟོད་བྱས་པ་རེད། ལྗིད་ཏིག་ཏིག་གི་བྱས་རྗེས་གཟེངས་རྟགས་དེ་ལས་སྒྲོལ་དཀར་ལ་མཐའ་སྲུང་བྱ་གཞག་གི་ངོས་འཛིན་དེ་བས་ཟབ་པ་བྱུང་ཡོད། དེ་ནས་སྒྲོལ་དཀར་གྱིས་སྔར་བཞིན་ཕའི་ཤུལ་ལམ་དུ་ཕྱུགས་འཚོ་བཞིན་མུ་མཐུད་མཐའ་མཚམས་བསྲུངས།
“བྱས་རྗེས་གཟེངས་རྟགས་དེ་ནི་ང་མི་སྒེར་ཁོ་ནའི་གཟི་བརྗིད་མིན་པར་མཐའ་སྲུང་མང་ཚོགས་ཚང་མའི་གཟི་བརྗིད་ཡིན”ཞེས་སྒྲོལ་དཀར་གྱིས་བཤད།
ད་ཆ་ཡུལ་སྨད་ཤང་དེ་སྔའི“མི་གསུམ་ཤང”ནས་དུད་ཚང་60ལྷག་ཙམ་དང་མི་200ལྷག་ཙམ་ཡོད་པའི་མཐའ་མཚམས་འབྱོར་འབྲིང་ཤང་དུ་གྱུར་ཡོད། 2025ལོར་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.9ཟིན་ཡོད།
འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་གསར་འགོད་པ་ཡུལ་སྨད་ཤང་དུ་བསྐྱོད་པ་ཡིན། གྲོང་ཚོའི་དཀྱིལ་གྱི་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་མ་ལམ་དེ་བརྒྱུད་ནས་སྐྱོད་སྐབས་ཤང་སྲིད་གཞུང་དང་། གྲོང་ཚོ་ཨུ་ལྷན། རིག་གནས་ཞབས་ཞུ་ལྟེ་གནས་སོགས་གཞུང་ལས་ཐོག་ཁང་རིམ་པ་བཞིན་གཞུང་ལམ་གྱི་གཞོགས་གཉིས་སུ་འགྱིང་ངེར་གནས་པ་དང་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོར་གནས་ཤིང་། ཧ་ལམ་དུད་ཚང་ཚང་མའི་སྒོ་འགྲམ་དུ་རླངས་འཁོར་བཞག་ཡོད་པ་དང་ཁྱིམ་ཚང་ཚང་མའི་ཐོག་ཁར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
སྒྲོལ་དཀར་དགའ་འོས་པ་ཞིག་ནི་མཐའ་སྲུང་དཔུང་ཁག་ནང་རང་ཁྱིམ་གྱི་མི་རབས་རྗེས་མ་ཡོད་པ་དེ་རེད།
ཁོང་གི་ཚ་བོ་བསོད་ནམས་དོན་གྲུབ་ཡུལ་སྨད་ཤང་གི་སློབ་ཆེན་སློབ་མ་དང་པོ་ཡིན་པ་དང་། སློབ་གྲྭ་ཐོན་རྗེས་ཁྲེང་ཏུའུ་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་བློས་བཏང་ནས་ཕ་ཡུལ་དུ་ལོག་པ་དང་། དེ་སྔ་ཡུལ་སྨད་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་མྱོང་ཡོད། ཁོང་གི་བུ་མོ་ཆེ་བ་པ་སངས་སྒྲོལ་དཀར་ཡང་སློབ་གྲྭ་ཐོན་རྗེས་ཡུལ་སྨད་དུ་ལོག་ལ། ད་ཆ་ཡུལ་སྨད་ཤང་སྨྱུག་གླིང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་གྱི་ཡོད།
མི་རིང་བའི་གོང་པ་སངས་སྒྲོལ་དཀར་ཁོང་གི་སྤོ་བོ་ལགས་ཀྱི་མིང་ཐོགས་པའི་མཐའ་མཚམས་སྐོར་གཡེང་ལམ་སྟེ། སངས་རྒྱས་ཆོས་པ་མཐའ་མཚམས་སྐོར་གཡེང་ལམ་དུ་ཡོང་ནས་མཐའ་མཚམས་སྐོར་གཡེང་རུ་མིར་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་རེད། ཁོང་གིས་ཡུལ་སྨད་ཤང་གི་སྔ་དེང་བསྡུར་བ་དང་ཟུང་འབྲེལ་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་བ་དང་། འགྲོ་ལམ་ཤར་གཏོང་ཐུབ་པ། དྲ་རྒྱ་ཁྱབ་པ། སྨན་པ་བསྟེན་བདེ་བ་སོགས་དགའ་འོས་པའི་འགྱུར་ལྡོག་གླེང་ནས་ཚང་མར་མཐའ་སྲུང་གི་འགན་འཁྲི་རྒྱུན་འཛིན་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།
སངས་རྒྱས་ཆོས་པ་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་། དེ་ནས་པ་སངས་སྒྲོལ་དཀར་དང་བསོད་ནམས་དོན་གྲུབ་དང་ཡུལ་མི་མང་པོ་བཅས་བར། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པ་སྔ་ས་ནས་ཡུལ་སྨད་ཤང་གི་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་26ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།