དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨོ་མན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་རྒྱལ་སྒྲོལ་ལྕགས་ལམ་ཐོག་མ་བརྟན་པོའི་ངང་སྐྲུན་བཞིན་ཡོད་པ།

    “ང་ཚོའི་ལྕགས་ལམ་གྱི་ཕུགས་འདུན་མངོན་འགྱུར་ཐུབ་གྲབས་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཀྲི་ཝུན།   |     སྤེལ་དུས།  2026-07-01

    འདི་ནི་ཧཱ་ཧྥེ་ཐེ་ལྕགས་ལམ་གྱི་སུའུ་ཧར་ཟོག་འདྲེན་ས་ཚིགས་འཛུགས་སྐྲུན་བྱ་ཡུལ་དུ། ཨར་ལས་ཚོགས་པའི་ལས་མིས་ཨར་པོ་རྒྱག་བཞིན་པ།

    སུའུ་ཧར་ནི་ཨོ་མན་བྱང་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་གལ་ཆེན་ཞིག་རེད། དེ་གའི་གྲུ་ཚུགས་སུ་བཞག་པའི་ཟོག་འདྲེན་གྲུ་གཟིངས་ཆེ་གྲས་དག་ལས་གྲོང་ཁྱེར་དེར་བཟོ་ལས་ཀྱི་རྣམ་པ་ཟབ་མོ་ཡོད་པ་མཚོན་ཐུབ། དེ་གར་ཡུན་རིང་མི་འགོར་བར་ཨོ་མན་གྱི་ལྕགས་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་དང་པོར་འགྱུར་རྒྱུ་རེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་ཧཱ་ཧྥེ་ཐེ་ལྕགས་ལམ་སུའུ་ཧར་ཟོག་འདྲེན་ས་ཚིགས་ཀྱི་ལས་གྲྭ་ཕྱེད་ཀ་ལྷག་བསྐྲུན་ཟིན་པ་དང་། དེ་གར་ལྕགས་ལམ་འཁོར་ལམ་དང་དོས་རའི་ས་དཔངས་ཨར་ལས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། དེའི་འཁྲིས་ཀྱི་འཁོར་རིགས་འཕྲལ་སྡོམ་ཞིབ་བཟོ་བདག་སྐྱོང་འཁོར་ཁང་སོགས་ལེ་ལག་སྒྲིག་བཀོད་ཀྱང་ཧུར་ཐག་སྐྲུན་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།

    རྣམ་གྲངས་ཀྱི་ཅིང་ལི་ཧྲ་མཱ་ནི་ཨོ་མན་གྱི་མཐའ་མཚམས་གྲོང་རྡལ་ཆུང་ངུ་པུའུ་ལའེ་སྨི་ནས་ཡིན་ཞིང་། སློབ་གྲྭ་ནས་ཐོན་རྗེས་ཡུན་རིང་མ་འགོར་བར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པར་ཞུགས་ནས་ཧཱ་ཧྥེ་ཐེ་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ལ་ཞུགས། “ཨོ་མན་གྱི་ལྕགས་ལམ་ཐོག་མའི་འཛུགས་སྐྲུན་ལ་ཞུགས་རྒྱུ་བྱུང་བས་ང་ལ་སྤོབས་སེམས་ཆེན་པོ་སྐྱེས” “གྲོགས་པོ་ཀྲུང་གོ་བའི་རོགས་རམ་འོག ང་ཚོའི་ལྕགས་ལམ་གྱི་ཕུགས་འདུན་མངོན་འགྱུར་ཐུབ་གྲབས་འདུག”ཅེས་ཧྲ་མཱ་ཡིས་བཤད།

    2024ལོའི་ལོ་མཇུག་ཏུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨོ་མན་འདྲེས་མཚམས་ཀྱི་རི་བོའི་མིང་བཏགས་པའི་ཧཱ་ཧྥེ་ཐེ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་དངོས་སུ་འགོ་ཚུགས། སྤྱིའི་རིང་ཚད་ལ་སྤྱི་ལེ་238ཡོད་པའི་ལྕགས་ལམ་གྱི་ནུབ་སྣེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེ་ནས་འགོ་ཚུགས་ཏེ་མཐའ་མཚམས་གྲོང་ཁྱེར་ཨེ་དབྱིན་བསྒྲལ་ནས་ཨོ་མན་ཕྱོགས་ཀྱི་པུའུ་ལའེ་སྨི་བརྒྱུད་སུའུ་ཧར་ལ་སླེབས་ཀྱི་ཡོད། མཚོ་ཁུག་ས་ཁུལ་གྱི་རྒྱལ་སྒྲོལ་ལྕགས་ལམ་ཐོག་མ་ཡིན་པའི་ཆ་ནས། རྣམ་གྲངས་བསྐྲུན་ཟིན་རྗེས་མཚོ་ཁུག་ས་ཁུལ་གྱི་ཟོག་འགྲུལ་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ས་ཁུལ་དཔལ་འབྱོར་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།