དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཉེར་ཡོད་པ།

    ཆུ་ཚོད་2དང་སྐར་མ་41ནང་ཧྲའན་ཤིས་དང་ཧུའུ་པེ་ཞིང་ཆེན་དུ་སླེབས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ཟླ་6ཚེས་30ཉིན་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་ཞིང་། ཤིས་ཨན་འབབ་ཚུགས་ཤར་མ་དུས་གཅིག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་ཤིས་ཨན་ནས་ཝུའུ་ཧན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་སྟེ། ཝུའུ་ཧན་དང་ཤིས་ཨན་ས་གནས་གཉིས་དབར་མགྱོགས་ཤོས་ལ་ཆུ་ཚོད་2དང་སྐར་མ་41ལ་སླེབས་ཀྱི་ཡོད་པ་རེད།

    ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འགོ་ཤིས་ཨན་འབབ་ཚུགས་ནུབ་མ་ནས་བཙུགས་ཏེ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དང་། ཧྲང་ལུའོ་གྲོང་ཁྱེར། དེ་བཞིན་ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཡན་གྲོང་ཁྱེར་བཅས་བརྒྱུད་མཐར། བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་ཝུའུ་ཧན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲི་ཡན་འབབ་ཚུགས་ཤར་མ་དང་སྦྲེལ་ཞིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་257ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད། ལམ་ཐིག་དེ་ཆིན་ལིང་རི་སུལ་གྱི་གད་སྲུབས་ཁུལ་བརྒྱུད་སྐབས་དེའི་ས་གཤིས་ཀྱི་གྲུབ་ཚུལ་རྙོག་འཛིང་ཆེ་ཞིང་སྐྱེ་ཁམས་སྲུང་སྐྱོང་གི་རེ་བ་མཐོ་བར་བརྟེན་ཨར་ལས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། 2021ལོའི་ཟླ་བཅུ་གཉིས་པར་ཨར་སྐྲུན་བྱེད་འགོ་བཙུགས་པ་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་ཚན་ཞིབ་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་ལེགས་ནུས་ཆེའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

    རྒྱལ་ཁབ་ལྕགས་ལམ་ཤིས་ཨན་ཅུས་ཚོགས་པའི་སྐྱེལ་འདྲེན་པུའི་ཀྲུའུ་རེན་གཞོན་པ་ཝང་ཧུང་ཐའོ་ཡིས། ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལན་ཐེན་དང་། ཧྲན་དབྱང་། ཡུན་ཤིས་སོགས་ཀྱི་རྫོང་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་ནས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་པོ་རྣམ་པ་གསར་པ་ཞིག་ཆགས་པར་འདེགས་སྐྱོར་ཐུབ་པའི་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།