རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ལ་སྟངས་འཛིན་ནན་པོ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་པར་དམིགས་པ། རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པ། དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་ལེགས་པའི་སྒོ་ནས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས།
《འཆར་འགོད》ནང་བཏོན་དོན། 2030ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ཏེ་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གཞི་རྩའི་ཆ་ནས་འཛུགས་དགོས། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་མ་ལག་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ཀྱི་གསོ་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། མི་བཟང་གསོ་སྐྱོང་གི་ཕན་འབྲས་སྔར་བས་མངོན་གསལ་དོད་པ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སློབ་གསོས་ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་གཞི་རྩའི་ཆ་ནས་ཆགས་པ་བཅས་བྱས་ཏེ། རང་རྒྱལ་གྱི་སློབ་གསོའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་དང་། འགྲན་རྩོད་ནུས་པ། སྐད་ཆ་ཤོད་དབང་བཅས་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས།
《འཆར་འགོད》ནང་མི་བཟང་གསོ་སྐྱོང་གི་རྣམ་པ་གསར་པ་གཏོད་པ་དང་། སློབ་གསོས་ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་དང་ཆུ་ཚད་མཐོ་བའི་སློབ་གསོའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་སོགས་ཕྱོགས་5ལ་དམིགས་ནས་གཙོ་གནད་ལས་འགན་23བཀོད་སྒྲིག་བྱས་ཡོད། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་དང་འཚམ་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་འདེགས་སྐྱོར། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བ་བཅས་ལ་དམིགས་ནས་སློབ་གསོའི་ཐོན་ཁུངས་ཀྱི་སྔ་བལྟས་ཕྱི་བསམ་གྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོའི་ཁུལ་ཁོངས་བཀོད་པར་ཤུགས་སྣོན་རྒྱག་པ། ཤེས་ལྡན་པ་གསོ་སྐྱོང་གི་བཀོད་པ་ལེགས་སུ་གཏོང་བ་བཅས་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། ཚན་རིག་དང་མཐུན་པའི་སློབ་གསོའི་འཕེལ་རྒྱས་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་བ་དང་། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པའི་ལས་དོན་མཐུན་སྦྱོར་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། སློབ་གསོའི་དོ་དམ་འཁོར་སྐྱོད་ལམ་སྲོལ་ལེགས་སུ་གཏོང་བ། སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཟབ་ཏུ་གཏོང་བ། སློབ་གསོའི་གྲངས་རིག་ཅན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། སློབ་གསོའི་འཐབ་ཇུས་རང་བཞིན་གྱི་མ་འཇོག་ལམ་སྲོལ་དང་ཁྲིམས་སྐྱོང་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཕྱོགས་6ཐད་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལས་འགན་ཁ་གསལ་བཏོན་ཡོད། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བའི་འཆར་གཞི་དང་། ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་ཀྱི“སྤུས་ལེགས་གཉིས”ཀྱི་འཛུགས་སྐྱོང་འཆར་གཞི། རྒྱལ་ཁབ་ཀྱི་སྣོལ་འདྲེས་རིག་ཚན་ལྟེ་གནས་བསྐྲུན་པའི་འཆར་གཞི། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་འཆར་གཞི་སོགས་རྣམ་གྲངས་གལ་ཆེན་15བཀོད་སྒྲིག་བྱས་ཡོད།
《འཆར་འགོད》ནང་བླང་བྱ་བཏོན་དོན། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྣ་མང་ཞུགས་པ། མཉམ་ཤུགས་ལ་སྐུལ་འདེད། གསར་གཏོད་ལ་ལྕག་སྐུལ་བཅས་ཀྱི་འཆར་འགོད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོ་པུས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འཆར་འགོད་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་མ་ལག་བཙུགས་ནས་འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།