ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གིས།
ལས་ཞུགས་ཚོགས་སྤྱི་གསར་པར་གཅེས་སྐྱོང་བྱེད་པའི་བྱེད་ཐབས་ཏན་ཏིག་བཏོན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་གི་སེམས་མཐུན་སྤྱི་གླིང་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་དོད་ཅིང་། “ལས་ཞུགས་ཚོགས་སྤྱི་གསར་པ་དར་དམར་དུ་འཛོམས། བློ་སེམས་གཅིག་ཏུ་བསྒྲིལ་ནས་མཉམ་བཅོས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལས་ཞུགས་ཚོགས་སྤྱི་གསར་པར་གཅེས་སྐྱོང་བྱེད་པའི་བྱེད་སྒོ་ཞིག་སྤེལ་འགོ་ཚུགས་ཤིང་། ལྷ་སའི་ཁྲོམ་གཞུང་དུ་མངག་ཚོང་སྐྱེལ་མཁན་དང་། མྱུར་སྐྱེལ་བ། ཟོག་འདྲེན་ཁ་ལོ་བ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་སེམས་རྩ་འཁོལ་བའི་ཐུགས་ཁུར་དང་གྲོང་ཁྱེར་གྱི་བརྩེ་སེམས་ཟབ་མོ་དངོས་འབྲེལ་ཚོར་ཐུབ་པར་བྱས་པ་མ་ཟད། ཕྱི་རོལ་དུ་ཕར་འགྲོ་ཚུར་འོང་བྱེད་པའི“གྲོང་ཁྱེར་དུ་འབད་འཐབ་བྱེད་མཁན་ཚོའི”གཏོགས་སེམས་དང་སྐྱིད་སྣང་ཆེ་རུ་བཏང་ཡོད།
ད་ཐེངས་ཀྱི་བྱེད་སྒོ་དེ་ནི་ཁྲེང་ཀོན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུས་དར་དམར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་དང་མཉམ་དུ་སྣེ་ཁྲིད་པ་དང་། ཁྲེང་ཀོན་ཆུས་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ལྟ་ཞིབ་རུ་ཆེན་སོགས་སྡེ་ཚན་མང་པོ་དང་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། དེས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་50ལྷག་ཙམ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དང་སྦྲེལ་མཐུད་གནད་སྨིན་བྱེད་པ་དང་། སེམས་རྩ་འཁོལ་བའི་ཞབས་ཞུ་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། མཉམ་སྐྲུན་མཉམ་བཅོས་བཅས་གཞི་གཅིག་ཅན་གྱི་དྲོ་སྐྱིད་ལྡན་པའི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ནས་མང་ཚོགས་ཀྱི་དགོས་མཁོ་བསྐངས་པ་མ་ཟད། བཅོས་སྐྱོང་གི་ནུས་པའང་གཅིག་ཏུ་སྒྲིལ་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་དངོས་སྒྲུབ་དང་སྙིང་ཉེ་བའི་ཞབས་ཞུའི་བྱེད་ཐབས་རབ་དང་རིམ་པ་གནད་སྨིན་དོན་འཁྱོལ་བྱས་ནས་དྲོ་སྐྱིད་ལྡན་པའི་རྣམ་པས་ཁེངས་ཡོད།《དར་དམར་ཁྲོམ་གཞུང་གི་གཅེས་སེམས་ས་ཚིགས་ཀྱི་ས་བཀྲ》དངོས་སུ་ཕུད་འགྲེམས་བྱས་པ་དང་། ས་བཀྲའི་ནང་ཁོངས་གཏོགས་ཁུལ་གྱི་ངལ་གསོ་རྒྱག་ས་དང་། འཐུང་ཆུ་ལེན་ས། གློག་གསོག་ཡུལ་སོགས་རིན་མེད་ཞབས་ཞུའི་ས་ཚིགས་སྣ་ཚོགས་གསལ་པོར་བཀོད་ཡོད་ལ། ལས་དོན་མི་སྣས་ས་བཀྲ་སྤྱོད་སྟངས་རེ་རེ་བཞིན་སློབ་བཞིན་གློག་རྡུལ་རྩ་གཉིས་ཨང་རྟགས་ཀྱང་མཉམ་དུ་སྤྲད་དེ“གྲོང་ཁྱེར་དུ་འབད་འཐབ་བྱེད་མཁན”ཚོས་དུས་དང་རྣམ་པ་ཀུན་ཏུ་དྲོ་སྐྱིད་ལྡན་པའི“ངལ་གསོའི་ས་ཚིགས”དང“མཁོ་སྤྲོད་ས་ཚིགས”འཚོལ་ཐུབ་པར་བྱས་ནས། ཕྱི་རོལ་དུ་ལས་ཀ་བྱེད་མཁན་ཚོར་འཐུང་ཆུ་ལེན་ས་དང་། ངལ་གསོ་རྒྱག་ས། གློག་གསོག་ཡུལ་བཅས་རག་དཀའ་བའི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་ཡོད།
བྱེད་སྒོ་སྤེལ་རིང་། མངག་ཚོང་སྐྱེལ་མཁན་དང་མྱུར་སྐྱེལ་བའི་འཐུས་མི་10“དར་དམར་ཁྲོམ་གཞུང་གི་སྐོར་སྐྱོད་དྲ་མིག་པར”བསྐོས་པ་དང་། གདན་ཞུའི་ཡི་གེ་དང་མཚོན་རྟགས་བྱང་བུ་ལག་ཏུ་རག་པ་ནས་བཟུང་ཁོང་ཚོ་གྲོང་ཁྱེར་གྱི་ཞབས་འདེགས་ཞུ་ཡུལ་ནས་གཞི་རིམ་གྱི“སྐོར་སྐྱོད་སོ་ལྟ་བར”གྱུར་ཡོད།
གཞན་ཡང་། བསམ་འཆར་བསྡུ་ལེན་དང་། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པ། བཅོས་སྐྱོང་ཉམས་ལེན་ཕྲན་བུ་སོགས་ཀྱི་མཉམ་འགུལ་ལྷུ་ཚིགས་དུས་གཅིག་ཏུ་སྤེལ་ནས་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མི་སེམས་ལ་ཟུག་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།