འབྲོག་ལས་སྒྱུར་བཅོས་གསོན་ཤུགས་འཕེལ། དར་རྒྱས་ལམ་བུར་མཉམ་དུ་འབད།
——ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་འབྲོག་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།
དབྱར་འགོར་གངས་ལྗོངས་ས་མཐོའི་རྩྭ་ཐང་སྔོ་ཐིང་ངེར་གྱུར་ནས་ནོར་ལུག་ཁྱུ་དང་ཁྱུ་ཅི་དགར་རོལ་བཞིན་མཆིས། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྲི་གུ་སྡེ་ཁུལ་དུ་སྐྱོད་སྐབས་འབྲོག་པ་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། 2022ལོའི་ཟླ་6པར་འབྲོག་ལས་སྒྱུར་བཅོས་བྱེད་འགོ་ཚུགས་ཚུན། གྲི་གུ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ་དང་། སྒྱུར་བཅོས་སྒུལ་ཤུགས་སུ་བྱེད་པ། དམངས་ཕྱུག་དམིགས་ཚད་དུ་བྱེད་པ་བཅས་ལ་བརྟེན་ནས་སྲོལ་རྒྱུན་འབྲོག་ལས་འཕེལ་རྒྱས་ཀྱི་འཇུར་མིག་ནུས་ཤུགས་ཡོད་རྒུས་བསལ་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གི་འབྲོག་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པར་བསྐྱོད་ནས། རྩྭ་ཐང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འབྲོག་པར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད།
གྲི་གུ་སྡེ་ཁུལ་ནི་དཔེ་མཚོན་གྱི་འབྲོག་ལས་རྐྱང་པའི་སྡེ་ཁུལ་ཞིག་ཡིན་པ་དང་འབྲོག་ལས་ནི་ས་གནས་དེ་གའི་མང་ཚོགས་འཚོ་གནས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ཀ་རྟེན་ཐོན་ལས་ཤིག་རེད། དུས་ཡུན་རིང་པོའི་ནང་ཁ་ཐོར་གཉེར་སྐྱོང་དང་། ལག་རྩལ་རྗེས་ལུས། ཉེན་འགོག་ནུས་པ་ཞན་པ། འབྲོག་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ་སོགས་ཀྱི་གནད་དོན་ལྡན་པའི་ཁར་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཀྱི་གྲུབ་ཆ་དོ་སྙོམས་མེད་སྟབས། འབྲོག་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཚབས་ཆེན་བཟོས་ཡོད་ལ་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་གོམ་སྟབས་ལའང་འགོག་རྐྱེན་བཟོས་ཡོད།
“མང་ཚོགས་ཀྱིས་འཕེལ་རྒྱས་ཡོང་རེ་བྱེད་པར་རྩ་འཛུགས་ལ་འགན་འཁྲི་ཡོད”གྲི་གུ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་སྒྱུར་བཅོས་བྱས་ཚེ། གཞི་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཐུབ་པ་དང་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཚེ། གཞི་ནས་སྒྱུར་བཅོས་ལ་ཕྱོགས་འཛོལ་མི་ཡོང་བའི་ངོས་འཛིན་ཐུབ་ཡོད། སྒྱུར་བཅོས་ཀྱི་ཐོག་མའི་དུས་སུ་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་ཡུལ་མིའི་ཚོགས་ཆུང་15ཡི་འབྲོག་པའི་ཁྱིམ་ཚང་ཚང་མར་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་ཆབས་ཅིག སྔ་རྗེས་སུ་ནག་ཆུ་དང་། མངའ་རིས། གཞིས་རྩེ་སོགས་འབྲོག་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་ས་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ་སྡེ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས《གྲི་གུ་སྡེ་ཁུལ་གྱི་འབྲོག་ལས་སྒྱུར་བཅོས་རྣམ་གྲངས་འཁོར་སྐྱོད་ཇུས་གཞི》ཞིབ་ཚགས་བཟོས་པ་རེད། ཇུས་གཞིས“ཏང་འཛུགས་སྐྱོང་དང་ཐོན་ལས་དར་རྒྱས་ཟུང་དུ་འབྲེལ་བ”དམ་འཛིན་བྱ་གཞིར་བྱས་ཏེ། འབྲོག་པར་ཕྱུགས་རིགས་མ་རྐང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྡེ་ཁུལ་གྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་འཛུགས་པ། ལེགས་བསྡུས་ཞིབ་གཉེར་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་དེང་རབས་འབྲོག་ལས་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་གཏོང་བ་བཅས་བྱས་ནས། འབྲོག་པ“རྐྱང་རྒྱུག་རྐྱང་འཐབ”ནས“དཔུང་སྒྲིལ་འཕེལ་རྒྱས”ལ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། གྲི་གུ་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་ཐོན་ལས་འཁོར་འབྲེལ་ཐོག་འཛུགས་པ་དང་། ཏང་ཡོན་ཐོན་ལས་འཁོར་འབྲེལ་དུ་བསྡུ་བ། མང་ཚོགས་ཐོན་ལས་འཁོར་འབྲེལ་བརྒྱུད་ཕྱུག་པོ་ཆགས་པ་བཅས་མཐའ་འཁྱོངས་བྱས་ཏེ“ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་དང་། མཉམ་ལས་ཁང་གཉེར་སྐྱོང་། མང་ཚོགས་ཞུགས་པ”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད།
སྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་བརྟན་པོ་གཏོང་ཆེད། གྲི་གུ་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་རང་མོས་དང་རང་བརྟེན་གདམ་ག་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས“རྒྱུག་པ་ལེབ་བརྡུངས”མི་བྱེད་པ་དང་བཙན་ཤེད་ཀྱིས་བཀའ་རྒྱ་མི་གཏོང་བར་ཡུལ་མིའི་ཚོགས་ཆུང་ཚན་པར་བྱས་ཏེ། ཕྱུགས་རིགས་མ་རྐང་ནང་འཇོག་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། སྒྱུར་བཅོས་ཀྱི་ཐོག་མའི་དུས་སུ་རང་བྱུང་ཚོགས་ཆུང་7གྱི་འབྲོག་དུད་261གིས་རང་འགུལ་ངང་ཕྱུགས་རིགས་མགོ་གྲངས་13692མ་རྐང་ནང་བཅུག་པ་དང་། མཉམ་ལས་ཁང་གིས་གཅིག་གྱུར་ཁ་གསབ་བྱས་པ་བརྒྱུད་གསོ་ཚགས་ཕྱུགས་རིགས་ཁྱོན་22090ཟིན་ཡོད།
ལོ་གསུམ་རིང་མཉམ་ལས་ཁང་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་1750.37བྱུང་བ་དང་། ཁེ་སྤོགས་སྒོར་ཁྲི་1312.09བགོ་འགྲེམས་བརྒྱབ་པ། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་414.29བྱུང་ཡོད། 2025ལོའི་ལོ་མཇུག་བར་མཉམ་ལས་ཁང་ལ་ལག་ཡོད་ཕྱུགས་རིགས་མགོ་གྲངས་23161ཟིན་པ་དེ་སྒྱུར་བཅོས་ཀྱི་ཐོག་མའི་དུས་རིམ་ལས་བརྟན་པོ་འཕར་ནས་རྗེས་མཐུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།